དྷ་སར་རྒྱ་ནག་གི་ཐོན་རྫས་བཀག་སྡོམ་དགོས་པའི་ལས་འགུལ་སྤེལ།
རྒྱ་ནག་ནས་བྱུང་བའི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་འཛམ་གླིང་ཁྱོན་ལ་མི་རྒྱུ་གཉིས་ཀའི་གྱོང་གུན་གསབ་ཐབས་བྲལ་བ་བཟོས་ཏེ་རྒྱལ་སྤྱིའི་མི་མང་གིས་རྒྱ་ནག་ལ་བཟུང་བའི་ལྟ་སྟངས་ལྡོག་ཕྱོགས་སུ་འགྲོ་བཞིན་པའི་སྐབས་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་“རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་མཚམས་འཇོག་དགོས་པའི་རྒྱལ་སྤྱིའི་ལས་འགུལ་”ཞེས་པ་ཞིག་བཞུགས་སྒར་དྷ་ས་རུ་སྤེལ་སོང་།
ཕྱི་ཟླ་༦ ཚེས་༡༦ རེས་གཟའ་མིག་དམར་ཉིན་མེག་ལོར་གྱི་ལམ་བཞི་མདོར་སྤེལ་བའི་ལས་འགུལ་དེའི་ཐོག ལས་འགུལ་འདིའི་དམིགས་ཡུལ་དང་རྒྱབ་ལྗོངས་དང་འབྲེལ་བའི་བསྒྲགས་གཏམ་བོད་རྒྱ་[གར]དབྱིན་གསུམ་གྱི་སྐད་ཡིག་ནང་སྒྲོག་སྦྱངས་བྱས་པ་ལས། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་བོད་སྐད་ཐོག་ནས་འགྲེལ་བརྗོད་གནང་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྤེལ་བའི་ལས་འགུལ་གྱི་བསྒྲགས་གཏམ་ནང་། རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་གསུམ་བགྲངས་འདུག་སྟེ། དང་པོ། རྒྱ་ནག་གི་ཐོན་རྫས་ཉོས་ན་“འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་”ཡིན་པ་དང་། གཉིས་པ། རྒྱ་ནག་གི་ཐོན་རྫས་ཉོས་པ་དེས་“རྒྱ་ནག་གི་དམག་དོན་གོ་ཚོན་རྒྱ་སྐྱེད་”ལ་ཕན་ཐོགས་པ། གསུམ་པ། ཚང་མས་རྒྱ་ནག་གི་ཐོན་རྫས་ཉོ་ཚོང་མཚམས་འཇོག་བྱས་ཏེ་“རྒྱ་ནད་ཏོག་དབྱིབས་རིམས་ནད་”ཀྱིས་འཛམ་གླིང་མི་མང་ལ་གྱོང་གུད་དང་དཀའ་ངལ་སྤྲད་པར་གུན་གསབ་ཁ་སྣོན་དགོས་པའི་དགོས་འདུན་འདོན་པ་བཅས་རེད་འདུག
ད་ལྟ་རྒྱ་གར་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པའི་གྲངས་ཚད་ཤུགས་ཆེན་འཕར་བཞིན་པ་ལ་ཚད་བཀག་དང་། འདུ་འཛོམས་ལ་དོགས་ཟོན་བྱེད་བཞིན་པའི་ཛ་དྲག་གི་དུས་སྐབས་ཤིག་ཡིན་ན་ཡང་། ཐེངས་འདིའི་ལས་འགུལ་ནང་ལས་འགུལ་བ་དང་། གསར་འགོད་པ། མི་མང་སོགས་མི་གྲངས་སུམ་ཅུ་ཡས་མས་ཤིག་མཉམ་ཞུགས་བྱས་པའི་ཁྲོད་དུ། བོད་ཀྱི་རང་དབང་འཐབ་རྩོད་པ་གྲགས་ཅན་ལྷ་བཟང་ཚེ་རིང་དང་བསྟན་འཛིན་བཙོན་འགྲུས་གཉིས་ཀྱང་ཕེབས་འདུག
ད་ལྟ་འཛམ་གླིང་གི་ཁྲོམ་ར་ཕལ་ཆེ་བ་རྒྱ་ནག་ནས་ཐོན་པའི་ཅ་དངོས་ཀྱིས་ཁེངས་ནས་ཡོད་པ་མ་ཟད། བཞུགས་སྒར་དྷ་སར་ཡང་རྒྱ་ནག་གི་ཐོན་རྫས་འཚོང་མཁན་[རྒྱ་བོད་གཉིས་ཀ]མང་པོ་ཡོད་པར་བརྟེན། རྒྱ་ནག་གི་དངོས་ཟོག་བཀག་སྡོམ་བྱེད་རྒྱུ་དེ་ཤིན་ཏུ་ཁག་པོར་གྱུར་ཡོད།
བོད་ཀྱི་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་ལྷ་བཟང་ཚེ་རིང་ལ་གནད་དོན་དེའི་སྐོར་དྲིས་པར། ཁོང་གིས་“བོད་ནང་ནས་ཚུར་བཙན་བྱོལ་ལ་ཕེབས་མཁན་ཚོའི་ཁྲོད་ནས་ཁ་ཤས་ཀྱིས་རྒྱ་མིའི་ཇ་དམ་དང་། རྒྱ་མིའི་ཅ་དངོས་དེ་དག་འཚོང་གི་ཡོད། ཁོ་ཚོས་ལྟོ་གོས་ཀྱི་དོན་ལ་དེ་དག་མི་འཚོང་རང་འཚོང་འཁེལ་གྱི་ཡོད་རེད། ཁོང་ཚོ་སྡུག་ཅག་རེད་ཟེར་ང་ཚོས་ལབ་ཐུབ་ཀྱི་མི་འདུག་སྟེ། ཁོ་ཚོས་རྒྱ་མིའི་ཅ་དངོས་འཚོང་རྒྱུ་ལ་རེ་མི་དགོས་པའི་ཐབས་ལམ་གཅིག་ནི། ང་ཚོ་སྔོན་ནས་འདིར་བསླེབས་པ་ཚོས་ཐབས་ལམ་དེ་ཁོང་ཚོར་སྟོན་དགོས་ཀྱི་འདུག ཁོ་ཚོས་རྒྱ་མིའི་ཅ་ལག་མི་འཚོང་བའི་ཐོག་ནས་སོ་སོའི་རྐང་པའི་སྒང་དུ་ལངས་ཐུབ་པ་[བྱེད་དགོས།] ཁོ་ཚོས་དགའ་པོ་བྱས་ནས་འཚོང་གི་ཡོད་མ་རེད། འུ་ཐུག་ནས་འཚོང་གི་ཡོད་རེད། དེ་ལ་ང་ཚོ་བཙན་བྱོལ་ལ་སྔོན་ལ་བསླེབས་པ་ཚོས་རྒྱབ་སྐྱོར་རོགས་རམ་བྱེད་དགོས་ཀྱི་འདུག་”ཅེས་གསུངས་བྱུང་།
རང་བཙན་འཐབ་རྩོད་པ་ཁོང་ལ་རྒྱ་ནག་གི་ཚོང་ཟོག་བཀག་སྡོམ་བྱེད་པའི་ལས་འགུལ་དེར་དགོས་པ་དང་ཕན་འབྲས་ཅི་ཞིག་ཡོད་པའི་སྐོར་དྲིས་པར་ཁོང་གིས་བརྗོད་དོན། “ང་ཚོ་བཙན་བྱོལ་ནང་བོད་མི་ཉུང་ཆས་ཤིག་གིས་ལས་འགུལ་སྤེལ་བ་དེས་ཁོ་ཚོ་ལ་ཚོང་གི་གྱོང་གུན་སྤྲོད་རྒྱུ་ཡོད་མ་རེད། ཡིན་ན་ཡང་། ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་ནས་ང་ཚོ་རང་རང་སོ་སོ་ལ་དྲན་གསོ་ཐེབས་པར་གནད་འགག་འདུག ཡང་ཕྱོགས་གཞན་ཞིག་ནས་དཔལ་འབྱོར་གཅིག་པུའི་གོ་རྟོགས་ནས་བསམ་བློ་བཏང་བ་ཡིན་ན། རྒྱ་གར་མི་མང་ལ་དེའི་གོ་རྟོགས་དེ་སྤྲད་ཐུབ་པ་དང་། རྒྱལ་སྤྱིའི་མི་མང་ལ་ལས་འགུལ་དེ་སྤེལ་བ་ཡིན་ན། ཆབ་སྲིད་དང་ཚོང་གཉིས་ཀའི་ཐོག་ནས་ང་ཚོ་ལ་ཕན་ཐོགས་ཡོང་ངེས་རེད།”
གཞན་ཡང་། བདུན་ཕྲག་སྔོན་མར་རྒྱ་གར་གྱི་ཚོང་པ་བྱེ་བ་༧ དང་ཚོང་ལས་ཚོགས་པ་མི་འདྲ་བ་ཁྲི་༤ ཙམ་གྱི་སྐུ་ཚབ་མཚོན་པའི་རྒྱ་གར་རྒྱལ་ཡོངས་ཚོང་པའི་མཐུན་ཚོགས་(CAIT) ཀྱིས་ཀྱང་རྒྱ་ནག་གི་ཐོན་རྫས་བཀག་སྡོམ་བྱེད་པའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འགོ་བརྩམས་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།