དྷ་སས་མཚོན་པའི་ཧི་མ་ཅལ་གྱི་ས་གནས་བཞི་ལ་རྒྱ་གར་ས་གནས་གྲོས་ཚོགས་ཀྱི་འོས་བསྡུ་བྱས་འདུག

དེ་རིང་སྟེ་ཕྱི་ཟླ་༤ ཚེས་༧ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་དྷ་ས་དང་། པ་ལམ་ཕོར། (Palampur) མན་ཌི། (Mandi) སོ་ལོན་(Solan)བཅས་ཧི་མ་ཅལ་མངའ་སྡེའི་ས་གནས་ཁག་བཞི་ལ་རྒྱ་གར་ས་གནས་གྲོས་ཚོགས་ཀྱི་འོས་བསྡུ་བྱས་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ས་གནས་ཀྱི་གྲོས་ཚོགས་བཞི་པོའི་ནང་དུ་ས་མིག་༦༤ ཡོད་པར་ཁྱོན་སྡོམ་འོས་མི་༢༧༩ ཡོད་འདུག་པ་དང་། དྷ་སའི་ས་གནས་གྲོས་ཚོགས་སྐབས་གཉིས་པ་ཆགས་ཡོད་པ་ལས། གཞན་རྣམས་གསར་དུ་བཙུགས་པ་ཞིག་ཡིན་འདུག

ད་ལོའི་འོས་བསྡུ་དེ་ཆབ་སྲིད་ཚོགས་པའི་ངོ་བོའི་ཐོག་ནས་བྱས་འདུག་ཅིང་། འོས་བསྡུའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་༨ ནས་ཕྱི་དྲོའི་ཆུ་ཚོད་༤ བར་རེད་འདུག་པ་དང་། འོས་བསྡུ་གྲུབ་མ་ཐག་འོས་གྲངས་རྩིས་བཤེར་བྱས་ནས་མཇུག་འབྲས་ཕྱིར་བསྒྲགས་རྒྱུ་རེད་འདུག

དེ་རིང་གི་འོས་བསྡུ་དང་འབྲེལ་བའི་ཐད་ལ། ཧི་ལ་ཅལ་མངའ་སྡེའི་བློན་ཆེན་ཇ་རཱམ་ཋ་གྷོར་(Jairam Thakur) གྱིས་འབྲེལ་ཡོད་ས་གནས་བཞིའི་མི་མང་ཚོ་ལ་“མང་གཙོའི་དུས་ཆེན་”འདིའི་ནང་མཉམ་ཞུགས་བྱས་ཏེ་འོས་ཤོག་འཕེན་དགོས་པའི་སྐུལ་མ་གནང་བ་མ་ཟད། “ཁྱོད་ཀྱི་རིན་ཐང་བྲལ་བའི་འོས་ཤོག་ཀྱིས་ས་གནས་ཀྱི་འཕེལ་རྒྱས་ལ་གལ་འགངས་ཆེ་བའི་ཤུགས་རྐྱེན་ཐེབས་ངེས་”ཞེས་བསྣན་འདུག 

༧གོང་ས་མཆོག་གི་བཞུགས་གནས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་སུ་གྱུར་བའི་དྷ་སར་བོད་མི་མང་པོ་ཞིག་འཚོ་སྡོད་བྱེད་ཀྱི་ཡོད་སྟབས། འོས་མི་གཅིག་གིས་བོད་ཡིག་ལྡན་པའི་འོས་བརྡ་སྦྱར་བ་དང་། བོད་སྐད་ཀྱིས་ཁྱབ་བསྒྲགས་བྱས་ཡོད་རུང་། དངོས་སུ་འོས་ཤོག་འཕེན་མཁན་གྱི་བོད་མི་ཇི་ཙམ་ཡོད་པའི་གྲངས་ཚད་ཤེས་རྟོགས་ཐུབ་མེད། 

ཕྱི་ལོ་༢༠༡༤ ལོར་རྒྱ་གར་གྱི་གྲོས་ཚོགས་འོས་བསྡུའི་སྐབས། ཧི་མ་ཅཱལ་གྱི་མངའ་ཁོངས་ནས་བོད་མི་༡༢༠༠ ཙམ་གྱིས་འོས་འཕངས་པ་དང་། སྐབས་དེར་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་གར་གྱི་འོས་བསྡུའི་ཐོབ་ཐང་དང་མི་སེར་ཐོབ་ཐང་སྐོར་ལ་བསམ་ཚུལ་འདྲ་མིན་གྱི་གླེང་སློང་བྱུང་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།