དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་༦༤ འཁོར་བའི་དུས་ཆེན་སྲུང་བརྩི་གནང་བ།

བོད་ཀྱི་བང་ཆེན་གསར་ཁང་གི་པར།

ཕྱི་ལོ་༡༩༦༠ ཟླ་བ་༡༠ ཚེས་༢༣ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཡོད་པར་བརྟེན།  དུས་དེ་ནས་བཟུང་ལོ་ལྟར་བཞིན་ཕྱི་ཟླ་༡༠ ཚེས་༢༣ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་པ་དང་།  འདི་ལོར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་༦༤ འཁོར་གྱི་ཡོད་འདུག

ཕྱི་ཚེས་༢༣ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་༦༤ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་སོང་། དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། ཚོགས་གཞོན་སྒྲོལ་མ་ཚེ་རིང་། སྲིད་ཚབ་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ། དེ་བཞིན་འཇར་མན་གྱི་བོད་དོན་ལས་འགུལ་ཁང་གསར་འཛུགས་གནང་མཁན་(DrJan Andersson)་དང་། སྦྱིན་བདག་རྣམ་པ། གཞན་སེར་སྐྱ་མི་མང་མང་པོ་ཕེབས་གནང་འདུག

མཛད་སྒོ་དབུ་འབྱེད་སྐབས་སུ་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་རྒན་བསོད་ནམས་སྲི་གཅོད་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། ཁོང་གིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ནི་ཐོག་མར་ཕྱི་ལོ་༡༩༦༠ ལོར་༧གོང་ས་མཆོག་གི་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མས་འཇའ་མོའི་ས་ཁུལ་དུ་ཡོད་པའི་བོད་མི་ལམ་བཟོ་བ་ཚོའི་ཕྲུ་གུ་༥༡ ཙམ་བསྡུ་རུབ་བྱས་ནས་སློབ་གྲྭ་དབུ་འཛུགས་གནང་ཡོད་པ་དང་། ཐོག་མར་བུ་གསོ་ཁང་ཞིག་གི་ངོ་བོའི་ཐོག་ནས་དབུ་འཛུགས་གནང་ཡོད་པ་དང་།  དུས་ཡུན་ཐུང་ཐུང་ཞིག་ལས་མ་སོང་བར་སྟབས་མ་ལེགས་པ་ཞིག་ལ་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་འདས་གྲོངས་སུ་ཕྱིན་ནས། ཕྱི་ལོ་༡༩༦༤ ལོར་སྐུའི་གཅུང་མོ་བཀའ་ཟུར་༧རྗེ་བཙུན་པདྨ་ནས་བོད་ཕྲུག་ཁྱིམ་སྡེའི་ཐུགས་འགན་ཆ་ཚང་བཞེས་འགོ་བཙུགས།

བོད་ཀྱི་བང་ཆེན་གསར་ཁང་གི་པར།

ཕྱི་ལོ་༢༠༠༦ བར་མི་ལོ་༤༢ ལྷག་རིང་ཐུགས་འགན་བཞེས་ཡོད་པའི་སྐོར་དང་། དེ་བཞིན་ད་ལྟའི་བོད་ཕྲུག་ཁྱིམ་སྡེའི་འཛིན་སྐྱོང་འོག་གཏན་སློབ་༨ དང་ཉིན་སློབ་༤ ། ལག་ཤེས་སློབ་གྲྭ་༢།  ༧གོང་ས་ཏཱ་ལའི་བླ་མ་མཐོ་སློབ། རྒྱ་གར་གྱི་མཐོ་སློབ་ཁག་ལ་འགྲོ་བཞིན་པའི་སློབ་མ་ཚོ་བཅས་ཀྱི་ཆེད་དུ་བོད་ཁྱིམ་སྡོད་ཁང་གཉིས་བཅས་ཡོད་པ་དང་། དེ་དག་གི་ནང་ནས་སློབ་མ་ཁྱོན་༥༣༠༦ དང་དགེ་རྒན་ལས་བྱེད་༩༩༠ ལས་རིགས་ལག་ཤེས་སྦྱོང་མཁན་སློབ་མ་༡༢༡ ད་ལྟ་མཐོ་སློབ་ཏུ་འགྲིམ་བཞིན་པའི་སློབ་མ་༦༠༠ ལྷག་ཡོད་པ་བཅས་ཁྱོན་དགེ་ལས་སློབ་ཕྲུག་༧༢༣༡ ཙམ་ལ་གཟིགས་སྐྱོང་ཞུ་བཞིན་ཡོད་པར་བརྗོད་སོང་།

ད་ེབཞིན་འདི་ལོའི་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་༡༢ ཡིག་རྒྱུགས་ནང་མཉམ་བཞུགས་གནང་མཁན་ཚང་མ་རྒྱུགས་འཕྲོད་ཡོད་ཚུལ་དང་། ཁྱོན་བོད་ཁྱིན་གྱི་སློབ་མ་༩ ལ་འདིའི་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་ཡོད་པ་ཡང་གསུངས་གནང་སོང་། སྲིད་ཚབ་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མས་འདས་པའི་དུས་ཡུལ་ནང་བོད་པའི་མི་རབས་རྒན་པ་ཚོས་བཀའ་དྲིན་ལ་བརྟེན་ནས་ད་ཆར་བོད་ཁྱིམ་གྱི་ཕྱི་ནང་ཚང་མ་ཐོན་རྐྱེན་ཧ་ཅང་ཡག་པོ་ཆགས་ཡོད་པས། དེ་དག་ནི་༧གོང་ས་མཆོག་གཙོ་པའི་མི་རབས་རྒན་པ་ཚོའི་བཀའ་དྲིན་ཡིན་པས། ཁོང་ཚོའི་བཀའ་དྲིན་དྲན་དགོས་པ་གསུངས་སོང་། 

བོད་ཀྱི་བང་ཆེན་གསར་ཁང་གི་པར།

དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ནས་ད་ཆར་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་ཆེད། བོད་ཀྱི་སྐད་དང་རིག་གཞུང་གི་ཁོར་ཡུག་མེད་པ་བཟོ་བཞིན་ཡོད་པ་དང་། གངས་ལྗོངས་ཤེས་རིག་ནོར་གླིང་གཙོས་པའི་བོད་ནང་དུ་བོད་པའི་སློབ་གྲྭ་མང་པོ་སྒོ་རྒྱག་བཞིན་ཡོད་པར་བརྟེན། བཙན་བྱོལ་ནང་བུ་ཕྲུག་གཅིག་འཕྲོ་བརླག་ཏུ་ཕྱིན་ནས་ཧ་ཅང་བློ་ཕམ་ཆེན་པོ་ཡོད་པས། ང་ཚོས་ངེས་པར་དུ་ཤེས་ཡོན་སློབ་སྦྱོང་ཐད་འབད་བརྩོན་སྔར་ལྷག་བྱེད་དགོས་ཤིང་། ད་ལྟའི་ན་གཞོན་ཚོ་ནི་མ་འོངས་བོད་པའི་སྤྱི་ཚོགས་ཀྱི་བདག་པོ་ཡིན་པར་བརྗོད། ད་དུང་ད་ལྟའི་སྤྱི་ཚོགས་ནི་སྐད་ཡིག་སྣ་མང་བེད་སྤྱོད་བྱེད་ཀྱི་ཡོད་པའི་སྤྱི་ཚོགས་ཤིག་ཡིན་པ་དང་། བོད་པའི་བུ་ཕྲུག་ཚོས་བོད་སྐད་བོད་ཡིག་ལ་དོ་སྣང་ཡག་པོ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་གནང་སོང་། 

དེ་རྗེས་དེ་རིང་གི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ནས་ཚོགས་པ་སྒྲིག་འཛུགས་ཁག་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་བྱེད་དགོས་དོན་ནི། འདས་པའི་ཚོགས་པ་དེའི་བརྒྱུད་རིམ་ཁྲོད་ནས་ནོར་བ་དང་སྐྱོན་ཆ་ག་རེ་ཡོད་མེད་ཐད་བསྐྱར་ཞིབ་བྱས་ནས་མ་འོངས་པར་ལེགས་བཅོས་བྱེ་དགོས་རྒྱུ་གལ་ཆེ་ཡིན་པར་གསུངས་སོང་ལ། འདས་པའི་བོད་ཕྲུག་ཁྱིམ་སྡེའི་ལོ་རྒྱུས་ནང་༧གོང་ས་མཆོག་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཁོང་གི་བཀའ་དྲིན་རྗེས་དྲན་ཡག་ཤོས་ནི་ཁོང་གི་བཀའ་གང་ཡིན་པ་དེ་ལག་བསྟར་བྱེད་རྒྱུ་ཡིན་པར་གསུངས་གནང་སོང་། སྐུ་མགྲོན་ཚོས་གཏམ་བཤད་ཚར་རྗེས་བོད་ཕྲུག་ཁྱིམ་སྡེའི་ནང་ཕྱག་ལས་གནང་ནས་མི་ལོ་༢༠ འཁོར་མཁན་བོད་ཁྱིམ་གྱི་ལས་བྱེད་ཚོ་ལ་ཐང་ཀ་རེ་དང་ཕྱག་འཁྱེར་རེ་གནང་སོང་། དེ་བཞིན་འདི་ལོའི་འཛིན་རིམ་༡༢ རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཨང་རིམ་སོན་མཁན་ཚོ་ལ་ཧིན་སྒོར་༡༠༠༠༠ དང་ཕྱག་འཁྱེར་རེ་གནང་སོང་། དེ་རིང་གི་ཉིན་རྒྱབ་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།