ན་གཞོན་ཁོར་ཡུག་ལས་འགུལ་བ་ཞིག་གིས་གཟེངས་རྟགས་དང་ལེན་བྱས་མི་འདུག 

རྒྱལ་སྤྱིའི་ཁོར་ཡུག་ལས་འགུལ་གྱི་ངོ་གདོང་ངམ། ཚབ་མཚོན་མི་སྣར་གྱུར་བའི་ན་ཆུང་ལས་འགུལ་བ་གྷི་ར་ཋ-ཐན་བྷར་(Greta Thunberg) གྱིས་ཁོར་ཡུག་ལས་འགུལ་ལ་གཟེངས་རྟགས་ཙམ་གྱིས་མི་ཆོག་ཅེས་བརྗོད་དེ་ཁོར་ཡུག་གཟེངས་རྟགས་དང་ལེན་བྱས་མི་འདུག 

ཟླ་འདི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལ། ན་ཆུང་ཁོར་ཡུག་ལས་འགུལ་བ་གྲགས་ཅན་གྷི་ར་ཋ-ཐན་བྷར་(Greta Thunberg) གྱིས་ཁོར་ཡུག་ལས་འགུལ་ལ་དགོས་པ་ནི་དབང་ཤུགས་ལྡན་པའི་མི་སྣ་དང་ཆབ་སྲིད་པ་ཚོས་ཚན་རིག་ཤེས་བྱར་ཉན་ནས་དེ་དོན་ལག་བསྟར་བྱེད་རྒྱུ་ཡིན་པ་ལས། གཟེངས་རྟགས་མིན་ཚུལ་བཤད་དེ་ཡོ་རུབ་བྱང་མའི་མཐུན་ཚོགས་(Nordic Council) ཀྱིས་བྱིན་པའི་ཁོར་ཡུག་གཟེངས་རྟགས་དང་ལེན་བྱས་མི་འདུག 

དེ་ཡང་ཡོ་རུབ་བྱང་མའི་མཐུན་ཚོགས་ཀྱིས་འདི་ལོའི་ཁོར་ཡུག་གཟེངས་རྟགས་དེ་ན་ཆུང་ལས་འགུལ་བ་གྷི་ར་ཋ-ཐན་བྷར་ལ་འབུལ་རྒྱུའི་གསལ་བསྒྲགས་བྱས་པའི་རྗེས། མོའི་སྐུ་ཚབ་ཅིག་གིས་མི་མང་རྣམས་ལ་མོས་གཟེངས་རྟགས་དེ་དང་། དེའི་ཨ་སྒོར་༥༢,༠༠༠ དང་ལེན་བྱེད་ཀྱི་མེད་ཚུལ་སྨྲས་འདུག་པ་མ་ཟད། མོ་རང་ཉིད་ནས་ཀྱང་ཨ་རི་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་གཟེངས་རྟགས་དེ་དང་ལེན་བྱེད་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་འདུག 

མོས་སོ་སོའི་ཨིན་སི་གྷི་རཱམ(Instagram) དྲ་བྱང་ཐོག་ཏུ་གཟེངས་རྟགས་དེ་དང་ལེན་མི་བྱེད་པའི་རྒྱུ་མཚན་དང་འབྲེལ་བའི་རྩོམ་ཐུང་ཞིག་སྤེལ་བའི་ནང་། “ཁོར་ཡུག་ལས་འགུལ་ལ་གཟེངས་རྟགས་མང་པོ་ཞིག་མི་དགོས། ང་ཚོ་ལ་གང་དགོས་པ་ནི། དབང་ཤུགས་ལྡན་པའི་མི་སྣ་དང་ཆབ་སྲིད་པ་ཚོས་ད་ལྟའི་ཚན་རིག་ཤེས་བྱ་ལེགས་ཤོས་ལ་ཉན་རྒྱུ་དེ་ཡིན་”ཞེས་བྲིས་ཡོད་འདུག 

གཞན་ཡང་། མོས་ཡོ་རུབ་བྱང་མའི་མཐུན་ཚོགས་ཀྱིས་མོ་ལ་དེ་ལྟ་བུའི་གཟེངས་རྟགས་ཆེན་པོ་ཞིག་བྱིན་པར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། ཡོ་རུབ་བྱང་མའི་རྒྱལ་ཁབ་རྣམས་ཀྱིས་ཀྱང་སོ་སོའི་སྙན་གྲགས་དང་མཐུན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་འདང་ངེས་ཤིག་སྒྲུབ་ཀྱི་མེད་པར་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག 

གྷི་ར་ཋ-ཐན་བྷར་ནི་ད་ལྟ་ལོ་༡༦ ལས་སོན་མེད། མོས་ཕྱི་ལོ་༢༠༡༨ ཀྱི་ཟླ་བརྒྱད་པ་ནས་བཟུང་བདུན་རེའི་རེས་གཟའ་པ་སངས་ཉིན་“ཁོར་ཡུག་ཆེད་དུ་སློབ་གྲྭའི་ངོ་རྒོལ་”ཞེས་པའི་འབོད་ཚིག་ཁྱེར་ནས་སུའུ་ཌན་(Sweden) གྲོས་ཚོགས་ར་བའི་ཕྱི་ལ་ངོ་རྒོལ་བྱེད་འགོ་བརྩམས་པས། མོ་རང་འཛམ་གླིང་ནང་སྐད་གྲགས་ཆོད་འགོ་བརྩམས་ནས་ད་ལྟ་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་གྱི་ཚབ་མཚོན་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་འདུག།། 

གསར་འགོད་པ་དཀོན་མཆོག་རབ་བརྟན།