ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་བདུན་པ་འགོ་འཛུགས་གནང་སོང་།
ཟླ་༨ པའི་ཚེས་༡༨ ནས་༢༠ བར་ཉིན་གྲངས་གསུམ་རིང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག དྲ་ལམ་བརྒྱུད་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་བསྐོང་ཚོགས་གནང་གི་ཡོད་པ་དང་བསྟུན། ཚེས་༡༨ ཉིན་ཚོགས་འདུ་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་རེད།
ཐེངས་འདིར་ཉམས་ཞིབ་ཀྱི་བརྗོད་གཞི་ཆིང་གོང་མ་ཆན་ལུང་སྐབས་ཀྱི་མཛད་ཆེན་བཅུ་ཡི་ཡ་གྱལ་ཆུ་ཆེན་དམག་འཁྲུག་སྔ་ཕྱི་གཉིས། རྟག་བརྟན་ཕུན་ཚོགས་གླིང་གླི་ལྡེབས་རིས་ཀྱི་རིན་ཐང་། བོད་ཀྱི་རྒྱལ་གླུའི་བྱུང་འཕེལ་སྐོར་ལ་ནང་གྲོས། “འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན” ཞེས་པར་དཔྱད་པ། བོད་ཀྱི་དམངས་གླུའི་ཁོངས་གཏོགས་ཀྱི་ལ་གཞས་སྐོར། འབྲོག་ཁུལ་གྱི་སྒྲོ་བའི་རིག་གནས་དང་སྒྲོ་བཟོའ་ིལག་རྩལ་སོགས་མང་པོ་ཞིག་འདུག
མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དབུ་འབྱེད་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་དང་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན། གཏམ་བཤད་གནང་མཁན་མཁས་པ་༢༥ དང་གཙོ་སྐྱོང་བ་མཁས་པ་༨ བཅས་མཉམ་ཞུགས་གནང་ཡོད་འདུག དེ་དག་ཁོངས་ནས་འབུམ་རམས་པ་བཅུ་གཅིག་དང་། འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་བཅུ་གཅིག དེ་བཞིན་གཙུག་ལག་རབ་འབྱམས་པ་དང་ཁྱད་ལས་ཉམས་ཞིབ་པ་བཅུ་གཅིག་བཅས་ཡོད་པ་རེད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གིས་གསུང་དོན། དེ་རིང་ཚོགས་འདུ་འདི་བཞིན་བསྐོང་ཚོགས་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སོ་སོའི་གནའ་རབས་ཀྱི་སྲོལ་རྒྱུན་རིག་གཞུང་དང་མི་རིགས་ཀྱི་འབྱུང་ཁུངས། ལོ་རྒྱུས་ཁག་ཤེས་པའི་ཐོག་ནས་ཞིབ་འཇུག་ཚད་ལྡན་གནང་སྟེ། རིག་གཞུང་དེ་དག་སྐྱེ་སྲིང་སླད་ཡིན། ལོ་ལྟར་ཚོགས་འདུ་འདི་ལྟ་བུ་ཚོགས་བཞིན་ཡོད་པ་ཙམ་མ་ཟད། ཡར་རྒྱས་ཡང་ཧ་ཅང་ཕྱིན་ཡོད། ད་ལན་བོད་ཀྱི་ན་གཞོན་ཉམས་ཞིབ་ཚོགས་འདུ་ཐེངས་བདུན་པ་ཆགས་ཀྱི་ཡོད། ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་ཕལ་ཆེ་བ་འབུམ་རམས་པ་ཐོན་མཁན་དང་སློབ་གཉེར་གནང་མཁན་རེད་འདུག ད་ལྟའི་ཆར་བོད་མིའི་ན་གཞོན་ཁྲོད་འབུམ་རམས་པ་སློབ་སྦྱོང་ཐོན་མཁན་མང་པོ་ཞིག་ཡོད་པ་འདི་ནི་དགའ་འོས་པ་ཞིག་རེད། བོད་མི་རིགས་ཀྱི་འཐབ་རྩོད་རྩོད་མཁན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་དོ་སྣང་གིས་ཞིབ་འཇུག་བྱས་ཏེ་མ་འོངས་པར་བོད་མིའི་ན་གཞོན་རྣམས་མི་རིགས་ཀྱི་ལོ་རྒྱུས་སོགས་གོ་རྟོགས་རྒྱ་ཆེ་སྤེལ་ཐུབ་པ་ཞིག་བྱེད་དགོས་ཞེས་སོགས་གསུངས་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གསུང་དོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་ཆགས་ཀྱི་ཡོད། ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་ཁྲོད་ངོ་ཤེས་པ་ཨ་རི་ནས་ཡིན་པ་ངག་དབང་ཕུན་ཚོགས་ལགས་ཕེབས་འདུག ཕྲན་རང་ཉིད་སློབ་གྲྭར་བསྐྱོད་སྐབས་བོད་མིའི་ཁྲོད་འབུམ་རམས་པ་ཞེས་གོ་ཐོས་བྱུང་མྱོང་མེད། ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་འབུམ་རམས་པ་སློབ་སྦྱོང་ཐོན་མཁན་དང་གནང་མཁན་རེད་འདུག ཁྱེད་རྣམ་པ་ཚང་མས་སློབ་སྦྱོང་འདྲ་མིན་གྱི་ཐོག་ནས་འབུམ་རམས་པའི་སློབ་སྦྱོང་ཐོན་པ་རེད། གོང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པ་ལྟར་ང་ཚོ་ནི་འཐབ་རྩོད་རྩོད་མཁན་གྱི་མི་རིགས་ཤིག་ཡིན་སྟབས། སོ་སོའི་སྲོལ་རྒྱུན་གྱི་རིག་གཞུང་དང་བོད་ཀྱི་ལོ་རྒྱུས་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བྱེ་བྲག་གི་གནས་ཚུལ་དང་མཚུངས་ཁྱོན་ཡོངས་ཀྱི་གནས་ཚུལ་ཤེས་དགོས། བཙན་བྱོལ་སྒྲིག་འཛུགས་སྐོར་ཤེས་པར་དང་ཐོག་བོད་ཀྱི་ལོ་རྒྱུས་ངེས་པར་དུ་ཤེས་དགོས། ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་གཙོ་བོ་ནི་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་དགོས་རྒྱུ་དེ་རེད། ད་ཆ་བོད་ནང་གི་གནས་ཚུལ་རྣམས་ཕྱི་ལ་སླེབ་རྒྱུ་ཧ་ཅང་ཁག་པོ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད། ཕྱོགས་མཚུངས་ས་ཁུལ་མང་དག་ཅིག་ལ་བོད་མི་རྣམས་དང་འབྲེལ་བ་བྱས་ཏེ་གནོན་ཤུགས་སྤྲོད་བཞིན་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། སྐད་འཕྲིན་བཀག་པར་བརྟེན་ད་ཆ་བོད་ནང་འབྲེལ་བ་བྱེད་རྒྱུ་ཁག་པོ་ཆགས་ཡོད། དེ་སྔ་བོད་ནས་བོད་མི་གང་ཙམ་ཞིག་ཡོང་གི་ཡོད། ན་ནིང་དང་ད་ལོར་བོད་མི་བདུན་རྒྱ་གར་དུ་སླེབས་ཡོད། བོད་ནང་གི་གནས་ཚུལ་མཁོ་སྒྲུབ་སླད་སྤྱི་ཡོངས་ཀྱི་ཆ་ནས་ཁག་པོ་རེད། ཁག་པོ་རེད་བསམ་ནས་སྡོད་རྒྱུ་མེད། རྒྱ་ནག་གིས་གནས་ཚུལ་འཁྱོག་བཤད་ལས་བཤད་ཀྱི་མེད། ང་ཚོའི་ལོ་རྒྱུས་དང་འབྲེལ་བའི་དངོས་ཡོད་གནས་སྟངས་དང་མཐུན་པའི་འགྲེལ་བཤད་ཚད་ལྡན་ཞིག་བརྒྱབ་ཐུབ་པར། བོད་ཀྱི་ལོ་རྒྱུས་གནས་བབ་ཤེས་པའི་ཐོག་ནས་འཛམ་གླིང་ཕྱི་ལ་བོད་ནང་གི་ཁོར་ཡུག་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་ཕྱོགས་སོགས་ཀྱི་སྐོར་ལ་འགྲེལ་བཤད་བརྒྱབ་ཐུབ་དགོས། རྒྱལ་སྤྱིའི་ཁྲོད་ད་ཆ་འབུམ་རམས་པ་ཐོན་མཁན་མང་པོ་ཡོད། ང་ཚོའི་ངོས་ནས་བོད་ཐོག་དོ་སྣང་བྱེད་དགོས་ཞེས་གསུངས་སོང་།
སྲིད་སྐྱོང་གིས་མང་གཙོའི་སྤྱི་ཚོགས་དང་འབྲེལ་ནས་གསུང་དོན། ང་ཚོ་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད་སྟབས་ཁྲིམས་སྒྲིག་ཁག་ཤེས་དགོས། ཕྱོགས་མཚུངས་བོད་མི་ཞིག་ཡིན་པའི་ཆ་ནས་བཅའ་ཁྲིམས་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་སྔ་ལས་བྱེད་རྣམས་ལ་ཞུས་པ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཞོན་སྐྱེས་ཁྲོད་ཉམས་མྱོང་གི་དཀའ་ངལ་མ་གཏོགས་སློབ་སྦྱོང་ཚད་མཐོ་པོ་ཐོན་མཁན་ཧ་ཅང་མང་པོ་འདུག བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་རྒྱ་ནག་དང་བོད་། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནས་གང་བཤད་ཀྱི་ཡོད་སྐོར་ཐད་དོ་སྣང་གནང་སྟེ་ཉམས་ཞིབ་གནང་ན་ཧ་ཅང་ཐུགས་ཕན་གསོ་ཐུབ། རྒྱ་ཆེ་ས་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་གཏང་ན་ཡག་པོ་ཡོད། ཚོགས་འདུ་འདི་ཉིད་གང་གི་ཆེད་དུ་ཚོགས་པར་དོན་ལྡན་ཏག་ཏག་སྒྲུབ་ཐུབ་པར་སྨོན་ལམ་གཅིག་པུས་ཕན་མི་ཐོགས་པར་རྣམ་པ་ཚོའི་ངོས་ནས་དོན་ཕན་ལྡན་པ་ཞིག་སྒྲུབ་ཐུབ་པའི་ལག་བསྟར་གནང་དགོས་ཞེས་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།