ན་གཞོན་ལས་མེད་རྣམས་ཀྱི་དཀའ་ངལ་སེལ་ཐབས་ལ་གཙོ་བོར་དམིགས་ནས་བཙུགས་པ་ཞིག་ཡིན་ཟེར།

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ཀྱི་ལས་གཞི་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དཔལ་འབྱོར་ཡར་རྒྱས་སྲ་བརྟན་ཡོང་ཐབས་དང་། ན་གཞོན་ལས་མེད་རྣམས་ཀྱི་དཀའ་ངལ་སེལ་ཐབས་ལ་གཙོ་བོར་དམིགས་ནས་བཙུགས་པ་ཞིག་ཡིན་པ་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོས་གསུངས་སོང་།

ཕྱི་ཟླ་༨ པའི་ཚེས་༣༠ ཉིན་གྱི་སྔ་དྲོར་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ཀྱི་ལས་གཞིའི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཐེངས་༣ པ་དབུ་འབྱེད་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་གཙོས། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་དང་། དཔལ་འབྱོར་ལས་ཁུངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར། གཞན་ཡང་ཚོགས་ཞུགས་མི་སྣ་༧༠ ཡས་མས་བཅས་འཛོམས་འདུག

ད་ཐེངས་ཉིན་༢ རིང་གི་ཚོགས་འདུའི་ཐོག དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ཀྱི་ལས་གཞི་ཚན་པས་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཧིན་སྒོར་འབུམ་༡༥ གནང་འཆར་ཡོད་ཀྱང་། འདེམས་སྒྲུག་ཚོགས་ཆུང་གིས་འོས་མིའི་ལས་འཆར་ལ་དཔག་པའི་ཐོག་ནས་དངུལ་འབོར་ག་ཚོད་སྤྲད་དགོས་མིན་དང་། འོས་མི་ག་ཚོད་ལ་སྤྲད་དགོས་མིན་ཐག་གཅོད་ཀྱི་ཡོད་པ་རེད་འདུག་ལ། དེ་བཞིན་ཚོགས་འདུའི་ཐོག་བགྲོ་གླེང་དང་གོ་བསྡུར་བཅས་བྱེད་བཞིན་ཡོད་པ་རེད།

མ་དངུལ་རོགས་སྐྱོར་གྱི་འོས་མི་འདེམས་སྒྲུག་བྱེད་སྟངས་ནི། ཐོག་མར་མ་དངུལ་རོགས་སྐྱོར་གཟེངས་རྟགས་ནང་འཛུལ་ཞུགས་བྱེད་ཆེད་སྙན་ཞུ་འབུལ་མཁན་ཚང་མའི་ཁྲོད་ནས་ཡིག་ཆ་དང་ལས་འཆར་གཞི་ལ་བཞག་པའི་ཐོག་ནས་འོས་མི་༡༠ འདེམས་ཀྱི་ཡོད་ཅིང་། དེ་རྗེས་བོད་མི་ཚོང་པ་རྒན་རབས་༣ ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་གིས་དྲི་བ་དྲིས་ལན་སོགས་ཀྱི་སྒོ་ནས་མི་༥ དང་༦ ལྟ་བུ་ཞིག་བདམས་རྗེས། མཐའ་མར་རྒྱ་གར་གྱི་ཆེད་ལས་པ་༢ དང་བོད་པའི་ཆེད་ལས་པ་༡ གཅིག་བཅས་ཁྱོན་མི་༣ གྱིས་ཆེས་མཐའ་མའི་འདེམས་སྒྲུག་བྱེད་རྒྱུ་ཡིན་པ་དང་། འདི་ལོའི་མ་དངུལ་རོགས་སྐྱོར་འོས་མི་ག་ཚོད་ལ་ཐོབ་རྒྱུ་ཡིན་མིན་དང་། དངུལ་འབོར་ག་ཚོད་སྤྲད་རྒྱུ་ཡིན་མིན་སང་ཉིན་ཚོགས་འདུའི་ཉིན་མཐའ་མ་ལ་མཐའ་མའི་འདེམས་སྒྲུག་ཚོགས་ཆུང་གིས་གཏན་འཁེལ་བཟོ་ཡི་ཡོད་འདུག  མ་དངུལ་རོགས་སྐྱོར་ཐོབ་མཁན་གང་ཟག་དེའི་ལས་འཆར་འགྲུབ་རིམ་བཞིན་རོགས་དངུལ་འབུལ་གྱི་ཡོད་པ་ལས་དུས་གཅིག་ལ་རོགས་དངུལ་ཚང་མ་སྤྲོད་ཀྱི་མེད་པ་རེད་འདུག

མཛད་སྒོའི་ཐོག་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོས་གསུང་པ་ལྟར་ན། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་ནི་བཀའ་ཤག་གི་དགོངས་གཞི་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དཔལ་འབྱོར་ཡར་རྒྱས་སྲ་བརྟན་ཡོང་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ནང་གི་ན་གཞོན་ལས་མེད་རྣམས་ཀྱི་དཀའ་ངལ་སེལ་ཐབས་ལ་གཙོ་བོར་དམིགས་ནས་བཙུགས་པ་ཞིག་ཡིན་པ་དང་། ལས་གཞི་དེ་བརྒྱུད་ནས་བོད་མིའི་སྤྱི་ཚོགས་ནང་དེང་དུས་དང་འཚམས་པའི་ཡར་ཐོན་ཚོང་ལས་པ་དང་། ཐོན་སྐྱེད་བཟོ་སྐྲུན་པ་གང་མང་སྐྱེད་སྲིང་ཡོང་ཐབས་ཀྱི་ཐོག བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་ཡོང་ཐབས་དང་ལས་མེད་ཉུང་དུ་འགྲོ་རྒྱུའི་ཐོག་ལ་བརྩོན་བཞིན་ཡོད་པ་རེད་འདུག

དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མིིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡ་ཤེས་ཀྱིས་ཚོང་པ་ཚོས་དུས་ཚོད་སྟངས་འཛིན་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། སྤྱི་ཚོགས་ཚགས་ཚུད་པོ་ཡོང་བར་ཤེས་ཡོན་དང་། ཆོས། རིག་གཞུང་། དཔལ་འབྱོར་བཅས་ཚང་མ་དགོས་སྟབས་དཔལ་འབྱོར་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར། བཙན་བྱོལ་སྤྱི་ཚོགས་ནང་གི་སུད་ཚོང་གཉེར་མཁན་ཕལ་ཆེ་བ་བུད་མེད་རྣམས་ཡིན་ཡང་། ད་ཐེངས་ཀྱི་ཚོགས་འདུའི་ཐོག་མི་༧༠ ཡས་མས་ཡོད་པའི་ནང་དུ་བུད་མེད་མཉམ་ཞུགས་བྱེད་མཁན་ཉུང་ཉུང་ཡིན་པ་ལྟར།སླད་ཕྱིན་ཆད་དེ་ལྟར་མིན་པར་མཉམ་ཞུགས་གནང་མཁན་ཕོ་མོ་གཉིས་མང་ཉུང་འདྲ་མཉམ་ཡོང་གལ་ཆེ་སྐོར་གསུངས་སོང་ལ། དེ་བཞིན་ཁོང་གིས་ཨ་རིའི་ནང་ཇེའུ་མི་རིགས་ཀྱིས་ཨ་རིའི་ཚོང་ཕལ་ཆེ་བ་ཞིག་འཛིན་ཡོད་སྐོར་དང་། རྒྱ་གར་གྱི་ཚོང་གི་རྒྱལ་ས་མུམ་བྷེ་ནང་པཱར་སི་སིའི་མི་འབོར་ཧ་ཅང་ཉུང་ཉུང་ཡིན་ཡང་། ཚོང་གི་བརྒྱ་ཆ་ཤུགས་ཆེ་བ་ཁོང་ཚོས་འཛིན་ཡོད་སྐོར་དང་སྦྲགས་ནས་བོད་པ་མི་མང་གིས་ནུས་པ་བཏོན་ནས། སེམས་ཤུགས་དང་། ལྷག་བསམ། བརྩོན་ལེན་གྱི་ཐོག་དུས་ཚོད་བཏང་ན་དེ་ལྟར་བྱེད་ཐུབ་པ་དང་། ཚོགས་འདུ་འཚོགས་པ་དང་ཚོང་སྒོ་ཕྱེས་པ་ཙམ་གྱིས་ལེགས་འགྲུབ་ཡོང་རྒྱུ་ཁག་པོ་ཡིན་སྐོར། སྐས་ཐེམ་རིམ་འཛེགས་ཀྱིས་ཁང་པའི་ཐོག་ཁར་འགྲོ་དགོས་པ་བཞིན་བྱེད་དགོས་སྐོར་སོགས་གསུངས་སོང་།

མཇུག་ཏུ་དཔལ་འབྱོར་ལས་ཁུངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་གྱིས་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ཀྱི་ལས་གཞི་དེ། བཀའ་ཤག་སྐབས་༡༤ པ་ནས་འགོ་འཛུགས་གནང་སྟེ། དགོངས་པ་ཆེར་བཞེས་ཐོག་ཕུགས་རྒྱངས་རིང་པོར་དམིགས་པའི་ལས་གཞི་ཡིན་པ་དང་། འདས་པའི་ལོ་༣ ནང་རིམ་པས་ཡར་རྒྱས་འགྲོ་བཞིན་ཡོད་པ། ལས་གཞི་འདིར་གྲུབ་འབྲས་ཐོན་པར་སྒྲིག་འཛུགས་དང་ལྷན་ཁང་གི་ཕྱོགས་ནས་མཐུན་རྐྱེན་སྦྱར་རྒྱུའི་འགན་གཙོ་བོ་ཆགས་ཀྱི་ཡོད་ཀྱང་། གྲུབ་འབྲས་དངོས་སུ་ཐོན་པར་མི་མང་རང་ནས་ཆ་ཤས་བླངས་ཏེ་རྒྱབ་སྐྱོར་མ་གནང་ན། ཚགས་ཚུད་པོ་དང་གྲུབ་འབྲས་ལྡན་པའི་གནས་སྟངས་ཆགས་རྒྱུ་ཁག་པོ་ཡིན་པ། ལས་གཞི་འདི་ལ་འདས་པའི་ལོ་གསུམ་ནང་གྲུབ་འབྲས་གང་ཐོན་ཡོད་མེད་ཀྱི་ཐོག་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། མགྱོགས་མྱུར་རྟོག་ཞིབ་ཀྱི་སྙན་ཐོ་འཐོན་རྒྱུ་ཡིན་པས། དེ་གཞིར་བཞག་ཐོག་ཐབས་ལམ་གསར་པ་ག་རེ་འཚོལ་དགོས་མིན་བལྟ་རྒྱུ་ཡིན་པ། གཞན་ཡང་ཚོགས་བཅར་བ་རྣམས་ཀྱིས་ཉིན་༢ རིང་ལ་བགྲོ་གླེང་དང་གོ་བསྡུར་ལྷུག་པོ་གནང་ནས་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་སྐོར་བཅས་གསུངས་སོང་།

ཧོན་སུར་གཞིས་ཆགས་ནས་ཁ་ཚ་པོ་སོགས་ཟས་རིགས་ཀྱི་ཚོང་ལས་གཉེར་མཁན་རོགས་དངུལ་གྱི་འོས་མི་གཅུང་ལྷ་མོ་ལ་རོགས་དངུལ་རག་ན་བེད་སྤྱོད་ག་འདྲ་གཏོང་རྒྱུ་ཡིན་མིན་དྲིས་པར། མོས་“ང་སྐར་མའི་སྐྱེས་དམན་ཡིན། ང་ཚོ་ནང་མི་ལ་ཁ་ཚ་པོ་དང་། སུར་པན་སོགས་ཟས་རིགས་ཀྱི་ཚོང་ཆུང་ཆུང་ཞིག་ཡོད། དེ་ཕྱི་ལོ་༢༠༡༢ ལོར་འགོ་བཙུགས་པ་ཡིན། དེ་བཙུགས་ནས་བཟུང་ནང་གི་འཚོ་བ་ཡང་ཏོག་ཙམ་ཡར་རྒྱས་ཕྱིན་སོང་། ཡིན་ན་ཡང་། ད་ལྟ་ང་ཚོ་མི་སྡོད་ས་ཉལ་ས་ཟེར་ན་རེད། བཟོ་གྲྭ་ཟེར་ནའང་རེད། ཚང་མ་ཁང་པ་ཆུང་ཆུང་ཞིག་ནང་བྱེད་ཀྱི་ཡོད།   ང་ཚོའི་དམིགས་ཡུལ་གཙོ་བོ་དེ་འདི་ནས་བྱ་དགའ་དེ་ཐོབ་པ་ཡིན་ན་བཟོ་གྲྭ་ཟུར་དུ་བཙུགས་ཏེ། ཕྱི་ལོགས་ནས་ནང་གི་ཨ་མ་ལས་ཀ་མེད་མཁན་ང་ཚོ་འདྲ་པོར་ལས་ཀ་སྤྲོད་ཐབས་བྱེད་ཀྱི་ཡིན། ལས་མི་མང་བ་བྱུང་ན་ཚོང་ཡང་རྒྱ་ཆེ་བ་འགྲེམ་ཐུབ་ཀྱི་རེད། མི་ཚོས་ཀརྨ་ཁ་ཚ་པོ་ཟེར་ནས་བསྟོད་བསྔགས་གཏོང་གི་འདུག་ལ། ཐག་རིང་པོ་ནས་ཁ་པར་སླེབས་ནས་ཀརྨ་ཁ་ཚ་པོ་སྦྲགས་བརྒྱུད་ནས་གཏོང་ཐུབ་ཀྱི་རེད་དམ་ཟེར་བ་དང་། ལྡི་ལི་ནས་རྒྱ་གར་གྱི་ཚོང་ཁང་ཆེན་པོ་ཞིག་གིས་ཁ་པར་བརྒྱུད་འབྲེལ་བ་བྱ་རོགས་ཞེས་བརྗོད་བྱུང་། འོན་ཀྱང་ང་ཚོའི་ཁང་པ་རྒྱ་ཆུང་ཆུང་བྱས། ལས་ཀ་བྱེད་མཁན་ནང་མི་གསུམ་གཅིག་པུ་ཡིན་ཁར་དཔལ་འབྱོར་གྱི་ཐོག་ནས་ཀྱང་འདང་གི་མི་འདུག ཁང་པ་རྒྱ་ཆུང་ཆུང་ཡིན་དུས་དེ་འདྲ་བྱེད་ཐུབ་ཀྱི་མི་འདུག ད་རེས་འདི་ནས་རོགས་དངུལ་གཟེངས་རྟགས་འབུམ་༡༠ རག་ན་གཞན་པ་ང་རང་ཚོས་ཐབས་ཤེས་འཐེན་ནས་བཟོ་གྲྭ་ཟུར་དུ་བསྐྲུན་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན།”ཞེས་གསུངས་བྱུང་།

དེ་རིང་གི་འདེམས་སྒྲུག་རིམ་པ་༢ པའི་ནང་འོས་མི་༡༠ ཡོད་པའི་ཁྲོད་ནས་འགྱུར་མེད་བསྟན་འཛིན་དང་། རྟ་མགྲིན་སྐྱབས། ཚེ་རིང་སྒྲོལ་མ། ཉི་མ་རྒྱལ་མཚན། བློ་བཟང་བཀྲ་ཤིས། ངག་དབང་བློ་གྲོས་བཅས་འོས་མི་༦ ཆེས་མཐའ་མའི་འོས་མི་རུ་འདེམས་ཐོན་བྱུང་སོང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།