ན་ཚ་མེད་པའི་བརྟག་དཔྱད་གྲུབ་འབྲས་སམ། སྔོན་འགོག་བརྒྱབ་པའི་དཔང་ཡིག་མེད་པར་པཱ་ཇབ་ཏུ་འཛུལ་མི་ཆོག་པ་བཟོས་འདུག 

རྒྱ་གར་རྒྱལ་ཡོངས་སུ་མུ་མཐུད་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་ཤུགས་ཆེན་འཕྲད་བཞིན་ཡོད་སྟབས།པཱ་ཇབ་སྲིད་གཞུང་ནས་ན་ཚ་མེད་པའམ།ཡང་ན་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་དཔང་ཡིག་མེད་པར་མངའ་སྡེའི་ནང་འཛུལ་མི་ཆོག་པའི་བཀའ་རྒྱ་བསྒྲགས་འདུག 

པཱ་ཇབ་གཞུང་ནས་ཁ་སང་རེས་གཟའ་ཉི་མའི་ཉིན་ནད་ཡམས་བཀག་འགོག་དང་འབྲེལ་བའི་ལམ་སྟོན་བཀའ་རྒྱ་གསར་པ་ཞིག་བསྒྲགས་པའི་ནང་། “ན་ཚ་མེད་པའི་བརྟག་དཔྱད་གྲུབ་འབྲས་སམ།སྔོན་འགོག་བརྒྱབ་པའི་དཔང་ཡིག་མེད་པར་སུ་གཅིག་ཀྱང་མཁའ་ལམ་མམ།གཞུང་ལམ།ཡང་ན་ལྕགས་ལམ་བརྒྱུད་དེ་མངའ་སྡེའི་ནང་འཛུལ་མི་ཆོག་པའི་ཐོགཕྱི་ཟླ་༥ཚེས་༡༥བར་དུ་ཉེར་མཁོ་མ་ཡིན་པའི་ཚོང་ཁང་རྣམས་མུ་མཐུད་སྒོ་རྒྱ་དགོས་”ཞེས་བཀའ་བཏང་འདུག

གཞན་ཡང་།བཀའ་རྒྱ་དེའི་ནང་མངའ་སྡེའི་ནང་དུ་དགོང་མོའི་ཆུ་ཚོད་༦པ་ནས་ཞོགས་པའི་ཆུ་ཚོད་༥བར་དུ་ཡར་མར་འགྲོ་མི་ཆོག་པ་དང་།གཟའ་མཇུག་ལ་འགྲོ་མི་ཆོག་པའི་བཀའ་རྒྱ་མུ་མཐུད་ལག་བསྟར་བྱེད་རྒྱུ་ཡིན་པ་མ་ཟད།ལམ་ཟུར་དུ་སྨན་སྒར་བརྒྱབ་ནས་མི་རྣམས་ལ་བརྟག་དཔྱད་བྱེད་པའི་ལས་གཞི་མུ་མཐུད་སྤེལ་རྒྱུ་ཡིན་ཚུལ་བརྗོད་འདུག 

གཞུང་འབྲེལ་གྲངས་ཐོ་ལྟར་ན།འདས་པའི་ཆུ་ཚོད་ཉེར་བཞིའི་ནང་།རྒྱ་གར་དུ་ནད་པ་གསར་པ་འབུམ་༣དང་ཁྲི་༧མ་ཟིན་ཙམ་དང་།རྐྱེན་ལམ་དུ་ཕྱིན་པ་༣,༤༠༠ལྷག་ཅིག་བྱུང་འདུག་པས།ནད་པའི་ཁྱོན་སྡོམ་ཁ་གྲངས་དེ་ས་ཡ་༢༠ལ་ཉེ་བར་གྱུར་འདུགའོན་ཀྱང་།གསར་འགྱུར་བརྒྱུད་ལམ་ཁག་ནས་སྲིད་གཞུང་གིས་ནད་པ་དང་རྐྱེན་ལམ་དུ་ཕྱིན་པའི་གྲངས་ཚད་སྦས་གསང་བྱེད་ཀྱིན་ཡོད་སྟབས།གྲངས་ཚད་དངོས་དེ་གཞུང་གིས་བསྒྲགས་པ་ལས་ལྡབ་ཀྱིས་མང་བ་ཡོད་སྐོར་བཤད་ཀྱི་འདུག།