ན་ཚའི་འབྱུང་རྐྱེན་འཚོལ་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༡༡  ཕྱི་ལོ་ ༢༠༡༦/༩ /༧

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མང་གཙོ་ལག་བསྟར་བྱེད་འགོ་བཙུགས་ནས་མི་ལོ་ཧྲིལ་པོ་༥༦ འཁོར་ཟིན་པ་དང་། དུས་ཡུན་དེའི་ནང་མང་གཙོའི་ལམ་དུ་བསྐྱོད་དེ་བཟང་ཕྱོགས་ནས་མང་གཙོའི་ལེགས་བྱང་ལ་གོམས་འདྲིས་ཅུང་ཙམ་ཆགས་ཡོད་ལ། སྡུག་ཕྱོགས་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ངུ་འདི་ཉིད་ཀྱང་ཡོམ་ཡོམ་དུ་འགུལ་ནས་འཐོར་ལ་ཁད་པ་དང། འཇིག་ལ་ཁད་པ་ལྟ་བུའང་བྱུང་ཡོད། གང་ལྟར་གནས་ཚུལ་ཞིག་ལ་ཕྱོགས་ངོས་གང་ས་ནས་བལྟས་ན་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ཀ་ཡོད་པ་ནི་སྨྲོས་མ་དགོས་པ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མང་གཙོ་ནི་ཐོག་མའི་ཆར་རེ་བ་རྒྱག་འོས་པ་ཞིག་ཡིན་ནའང། རྒྱ་དམར་གཞུང་གི་རྩ་ཁྲིམས་ཀྱི་འོག་ནས་རྒྱུན་འཁྱོངས་གསུམ་ཁས་ལེན་ལག་བསྟར་བྱ་རྒྱུ་གཏན་ཁེལ་བ་བཞིན་བྱེད་ཐུབ་པའི་དབང་དུ་བཏང་ན། དེ་ནས་བཟུང་ང་ཚོའི་མང་གཙོ་ལ་མདུན་ལམ་དང་རེ་བ་གང་ཡང་མེད་པར་གྱུར་ཟིན་པས་ད་ལྟའི་ཆར་སྔོན་མ་ནང་བཞིན་བཙན་བྱོལ་བོད་པའི་མང་གཙོ་ལ་རེ་བ་དང་མདུན་ལམ་གང་ཡང་མེད་པ་ལྟ་བུར་གྱུར་ཡོད།

ཐོག་མ་གཞིས་བྱེས་མཉམ་འཛོམས་སྐབས་བཙན་བྱོལ་བོད་མི་རྣམས་ཀྱི་ངོས་ནས་གཞིས་བཞུགས་བོད་མི་རྣམས་ལ་ལེགས་སྐྱེས་འབུལ་མཚོན་ཉག་གཅིག་ཡོད་པ་ནི། མང་གཙོའི་ལེགས་བྱང་ངམ་ཉམས་མྱོང་དེ་དག་ཡིན་པས། མིའི་ལུང་པར་གནས་པའི་རིང་མང་གཙོའི་ལམ་ལུགས་ལག་བསྟར་བྱ་རྒྱུར་འགལ་རྐྱེན་དང་ཆ་མི་ཚང་བ་མང་པོ་ཡོད་ཀྱང། མ་འོངས་པའི་ཆེད་ལམ་ལུགས་འདི་ཉིད་ང་ཚོའི་ཡོད་ཚད་ཡིན་ཞེས་བརྗོད་ཀྱང་ཆོག་པ་ཞིག་རེད། དེར་བརྟེན་སྐབས་དེར་ང་ཚོའི་མང་གཙོ་ནི་སྦྱོང་བརྡར་གྱི་གནས་སྐབས་སུ་ཡོད་ཀྱང། མ་འོངས་པར་གཞིས་བྱེས་མཉམ་འཛོམས་ཀྱི་སྐབས་ལག་བསྟར་དངོས་ཀྱི་ཐོག་ཏུ་གོམ་པ་སྤོ་རྒྱུའི་རེ་བ་དང་དམིགས་ཡུལ་ཞིག་འཛིན་ཆོག་པ་ནི། སྐབས་དེའི་རེ་བ་དང་དམིགས་ཡུལ་ཆེ་ཤོས་ལྟ་བུར་གྱུར་ཡོད། ད་ལྟའི་ཆར་དེའི་ཕྱོགས་ཀྱི་རེ་བ་དང་དམིགས་ཡུལ་གང་ཡང་ལྷག་མེད་པར་གཞིས་བྱེས་མཉམ་འཛོམས་བྱུང་ན་རྒྱུན་འཁྱོངས་གསུམ་ཁོ་ན་ལག་བསྟར་བྱ་རྒྱུ་ལས་ལམ་ཁ་གཞན་འཚོལ་རྒྱུའི་གོ་སྐབས་དེ་ཁབ་མིག་ལས་ཀྱང་ཕྲ་བ་ཞིག་ཏུ་གྱུར་ཟིན།

ད་ཆ་བཙན་བྱོལ་ནང་དུ་མང་གཙོ་ཡོད་པ་ལ་བརྟེན་ནས་གལ་སྲིད་ཕན་མེད་གནོད་གཞིར་འགྱུར་བའི་གནས་ཚུལ་མང་པོ་ཡོང་གི་ཡོད་ན། ང་ཚོའི་མང་གཙོ་ལ་ཕུགས་ཀྱི་དམིགས་ཡུལ་ནི་གང་ཡང་མེད་པས། གནས་སྐབས་མང་གཙོ་མེད་ཀྱང་ཆོག་ལ། དེ་བས་འཐབ་རྩོད་དང་གཅིག་སྒྲིལ་ལ་ཕན་ཐོགས་པའི་ལམ་ལུགས་གཞན་པ་གང་ཡོད་ཀྱང་དེ་ལག་བསྟར་བྱེད་འོས། བོད་པ་རྣམས་མིའི་ལུང་པར་སྐྱབས་བཅོལ་དུ་གནས་ཡོད་མིན་ལ་མ་ལྟོས་པར། ང་ཚོ་མང་གཙོའི་ལམ་ལུགས་ཤིག་ཏུ་བསྐྱོད་བཞིན་ཡོད་པ་དང། འཛམ་གླིང་ཤར་ནུབ་ཀྱི་མང་གཙོའི་ལམ་ལུགས་ནང་འབྱུང་བཞིན་པའི་གནས་ཚུལ་རྣམས་མཐོང་ཐོས་ཀྱི་ཡུལ་དུ་ཡོད་པས། སྟག་མཆོངས་སར་ཝ་མོ་མཆོང་རྒྱུའི་བསམ་ཚུལ་འཛིན་མཁན་མང་པོ་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད། སྔོན་མ་མང་གཙོ་ནི་བཙན་བྱོལ་བོད་མི་རྣམས་ཆིག་སྒྲིལ་བྱེད་པའི་འཆིང་ཐག་ཅིག་ཏུ་ངོས་འཛིན་དང་རེ་བ་བྱེད་མྱོང་ཡང། ད་ལོའི་འོས་བསྡུ་ཆེན་མོ་ལ་བརྟེན་ནས་དེ་ལྟ་བུའི་རེ་བ་རྒྱག་ཡུལ་ཞིག་གཏན་ནས་མེད་པའང་གསལ་པོར་གྱུར་སོང།

ལོ་འདིའི་མང་གཙོའི་དུས་ཆེན་གྱི་བཀའ་ཤག་གི་གསུང་བཤད་ནང་མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཡོང་ཆོག་པ་མ་ཟད་ཡོང་དགོས་པ་ཞིག་ཀྱང་ཡིན། འོན་ཀྱང་འགའ་རེས་གཏམ་བརྗོད་རང་དབང་ལ་ཁ་གཡར་ནས་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་དང་། ལྷག་པར་༸གོང་ས་མཆོག་ལ་མཚན་སྨད་ཞུ་བའི་བྱ་སྤྱོད་ནི་དགྲ་དགའ་གཉེན་སྡུག་བཟོ་གཞི་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་དང་ཡང་འགལ་བས་བོད་མི་སྤྱི་སྒེར་ཚང་མས་དོགས་ཟོན་དང་། ནང་ཁུལ་ལམ་ནོར་ལྡོག་ཤེས་ཀྱི་སློབ་གསོ་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།ཞེས་གསུངས་པ་བཞིན། དོན་དངོས་ཐོག་དེ་ལྟ་བུའི་གནས་ཚུལ་ཁག་ཅིག་བསམ་བློ་མ་སྨིན་པ་རེ་ཟུང་གིས་འཕྲིན་ཕྲན་དྲ་ལམ་ཁག་ཏུ་སྐབས་རེ་ར་བཟི་ཡིན་པ་ལྟ་བུ་དང། སྐབས་རེ་ཆེད་དུ་བརྗོད་པ་ལྟ་བུ་ཁག་ཅིག་ཀྱང་ཉེ་ཆར་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་སོང་ལ། སྒྲ་སྒམ་བཟོས་དང་མ་བཟོས་ཀྱི་ཁྱད་པར་ཙམ་ལས་ད་དུང་འདི་འདྲ་བ་ཤོད་མཁན་བསམ་བློ་མ་སྨིན་པ་གཞན་ཡང་ཡོད་མི་སྲིད་པ་མ་རེད།

བཀའ་ཤག་སོགས་འབྲེལ་ཡོད་རྣམས་ཀྱིས་གནས་ཚུལ་འདི་ལྟ་བུ་བྱུང་སྐབས་མི་དེ་དག་གི་རྒྱབ་ལྗོངས་ཁོ་ན་འཚོལ་བ་ལས། དེ་ལྟར་བཤད་དགོས་པའི་རྒྱུ་རྐྱེན་ལའང་རྟོག་ཞིབ་ཅུང་ཙམ་གནང་དགོས། ཉེ་ཆར་བྱུང་བའི་གནས་ཚུལ་དེ་དག་ལ་ཞིབ་ཏུ་ཉན་ན་ཟླ་ཤས་སྔོན་བཀའ་ཟུར་ཁག་ཅིག་༧གོང་ས་༧མཆོག་མཇལ་བཅར་སྐབས་ཀྱི་བཀའ་སློབ་རེད་ཅེས། ཡིག་ཆ་ཤོག་ལྷེ་ལྔ་ཅན་དག་ཆ་དང་སྡེབ་སྦྱོར་ཧ་ཅང་ཞན་པ་ཞིག་སྤྱི་ཚོགས་ནང་ཁྱབ་རྗེས། མང་ཆེ་བས་དེ་བཀའ་ཟུར་རྣམ་པས་བཀྲམ་པ་ཞིག་ཏུ་ངོས་འཛིན་བྱས་མེད་ཀྱང། ཉེ་ཆར་བརྒྱུད་ལམ་ཁག་ཅིག་ཏུ་ཐོན་པ་ལྟར་ན་ཡིག་ཆ་དེ་བཀའ་ཟུར་དག་གིས་བཀྲམ་པ་ཞིག་ཡིན་ཚོད་འདུག འཕྲིན་ཕྲན་ནང་ཤོད་མཁན་ཚོས་ཀྱང་དེ་ལ་བརྟེན་ནས་བཤད་པ་ཁོང་ཚོའི་སྐད་ཆའི་ནང་གསལ་འདུག་པས། ནད་རྟགས་ཙམ་འཚོལ་བ་ལས་ན་ཚའི་འབྱུང་རྐྱེན་འཚོལ་དགོས་པ་གལ་ཆེ་ཞིང་། བཀའ་སློབ་དེ་ལྟ་བུ་ཞིག་གནང་ཡོད་མེད་ཀྱང་ཐེ་ཚོམ་ཆེན་པོ་རེད་ལ། དེ་ལྟ་བུ་ཞིག་སྤྱི་ཚོགས་ནང་བཀྲམ་དགོས་པའི་དམིགས་ཡུལ་ནི་དེ་བས་ཀྱང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད།།