ནང་ཆོས་དང་བོད་པའི་བསམ་བློ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༨༡  ཕྱི་ལོ་ ༢༠༡༨/༡ /༡༠

བོད་པ་རང་ངོས་ནས་དང་བོད་པའི་སྐོར་ལ་དོ་སྣང་ཡོད་མཁན་མང་པོ་ཞིག་གིས་བོད་པའི་བསམ་བློ་དེ་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་ནས་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཕྱོགས་ངོས་རེ་ཟུང་ནས་བལྟས་ན་དེ་ལ་རྒྱུ་མཚན་གཏན་ནས་མེད་པ་ཞིག་མིན་ནའང་།  ཕྱོགས་ཡོངས་ནས་དེ་འདྲ་ཞིག་གཏན་ནས་མིན་པ་མ་ཟད། ལྷག་པར་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་རོབ་ཙམ་བལྟས་ན། ཕྱིའི་གཟུགས་བརྙན་ཙམ་ལས་ནང་བསམ་བློའི་ཐོག་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་ནས་བྱུང་བའི་བླང་དོར་གྱི་རྣམ་གཞག་དང་འབྲེལ་བ་གཏན་ནས་མེད་པ་ཞིག་ཏུ་འགྱུར་བཞིན་ཡོད། དེར་བརྟེན་བོད་པའི་བསམ་བློ་དེ་རྒྱལ་སྤྱིའི་ཐོག་ནང་པ་སངས་རྒྱས་པའི་ཚབ་མཚོན་གྱི་གཟུགས་བརྙན་ཞིག་ཏུ་ངོས་འཛིན་བྱེད་རིན་ཕལ་ཆེར་མེད་ཅེས་བརྗོད་ཆོག་པ་ཞིག་རེད། བཙན་བྱོལ་བོད་མི་ཕལ་མོ་ཆེའི་ངོས་ནས་ནང་ཆོས་ལ་དོ་སྣང་མི་བྱེད་པ་དང་། ནང་ཆོས་ལ་སློབ་སྦྱོང་མི་བྱེད་པར་ནང་ཆོས་སློབ་སྦྱོང་བྱ་རྒྱུ་ནི་དགེ་འདུན་པ་ཁོ་ནའི་ཕྲག་ཏུ་བབ་པ་ཞིག་ལས་ཁྱིམ་པ་ཕོ་མོ་དང་འབྲེལ་བ་ཕལ་ཆེར་མེད་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

འོན་ཀྱང་བཙན་བྱོལ་བོད་མི་རྣམས་ཀྱི་ནང་དུ་ནང་ཆོས་ལ་དགའ་ཞེན་ཙམ་མེད་མཁན་དཀོན་པོ་ཡིན་པ་དང་། ཕལ་ཆེ་བས་ནང་ཆོས་ལ་དགའ་ཞེན་བྱེད་པ་དང་། ནང་ཆོས་ལས་བསྟན་པའི་འབྲས་བུ་རྣམས་ཀྱང་འབད་མེད་ལྷུན་གྲུབ་ཏུ་འབྱུང་དགོས་པ་ཞིག་ལས། རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འཐོབ་ཐུབ་པའི་རེ་བ་རྒྱག་མཁན་ནི་ཧ་ཅང་དཀོན་པོར་གྱུར་ཡོད། དགའ་ཞེན་དེ་ཡང་དགའ་ཞེན་ཙམ་པོ་པ་ཞིག་ཡིན་པ་དང་། དཔེར་ན་བཙན་བྱོལ་ནང་འཚར་ལོང་བྱུང་བའི་བུ་ཕྲུག་ནང་གྲྭ་པ་དང་བཙུན་མ་བྱེད་མཁན་ནི་སྲིད་མཐའ་མ་སྟོང་ཙམ་ལས་མེད་ཅིང་། དེ་ཡང་སློབ་གྲྭ་ཁུངས་མ་འཁྱོལ་བའི་བུ་ཕྲུག་རྣམས་ཀྱི་འཚོ་བའི་ལམ་བུ་ཙམ་ཞིག་ཏུ་ངོས་འཛིན་བྱེད་མཁན་གྱི་ཕ་མ་ཇི་སྙེད་ཅིག་ཡོད། དེར་བརྟེན་ད་ལྟའི་ཆར་བཙན་བྱོལ་ནང་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་དགོན་སྡེ་ཁག་ཏུ་བཙན་བྱོལ་ནང་སྐྱེས་འཚར་བྱུང་བའི་བུ་ཕྲུག་ཧ་ཅང་དཀོན་པ་དེ་ཡང་རྒྱུ་མཚན་དེ་ལ་བརྟེན་ནས་བྱུང་ཡོད། མ་འོངས་པར་བཙན་བྱོལ་བོད་མི་རྣམས་ཀྱིས་འཛུགས་སྐྲུན་བྱས་པའི་དགོན་སྡེ་ཁག་ཀྱང་བོད་པ་རང་ངོས་ནས་རྒྱུད་འཛིན་བདག་སྐྱོང་བྱེད་ཐུབ་པའི་རེ་བ་དེ་མེད་པ་ལྟ་བུ་རེད།

བཙན་བྱོལ་བོད་མི་ཕལ་མོ་ཆེས་དུས་འཁོར་དབང་ཆེན་ལྟ་བུ་ལ་བརྟེན་ནས་ལམ་སང་ས་ལམ་གྱི་ཡོན་ཏན་མངོན་དུ་འགྱུར་ཐུབ་པ་ཞིག་ལ་རེ་བ་རྒྱག་གི་ཡོད་པ་དང་། ༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ལས་ཀྱང་སྔོན་འགྲོའི་གསུང་ཆོས་དེ་གལ་ཆེན་པོ་ཡིན་ཚུལ་དུས་ཀུན་ནན་གསུང་གནང་པ་དེ་ཡང་། སློབ་མའི་རྒྱུད་ཚོད་དང་བསྟུན་ནས་གསུངས་པ་ཞིག་ཏུ་གྱུར་ཡོད་ངེས་རེད། གསང་སྔགས་ཀྱི་དབང་གྲངས་ཀ་མང་པོ་ཐོབ་མྱོང་མཁན་ཡོད་ཀྱང་། དབང་ཐོབ་ནས་སྲུང་དགོས་པའི་དམ་ཚིག་གང་དང་གང་ཡོད་ཤེས་མཁན་ཞིག་མི་སྐྱ་ཕོ་མོའི་ནང་དུ་ཧ་ལམ་མེད་པ་མ་ཟད། ཆོས་བྱེད་དགེ་འདུན་པའི་སྡེ་ནས་ཀྱང་དེ་ལ་དེ་ཙམ་གྱིས་ཐུགས་སྣང་ཆེན་པོ་ཞིག་གནང་གི་ཡོད་བཟོ་མེད་པ་ལྟ་བུར་མཐོང་། གསང་སྔགས་ཀྱི་མྱུར་ལམ་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་གི་གོ་འཕང་ཐོབ་མཁན་ཡོད་ནའང་། དམ་ཚིག་སྲུང་བ་ལྟ་ཅི་དམ་ཚིག་ག་རེ་ཡོད་མེད་ཙམ་ལའང་དོ་སྣང་མི་བྱེད་མཁན་ཞིག་ལ་མཚོན་ན་གསང་སྔགས་ཀྱི་དབང་ཐོབ་ཡོད་མེད་ཀྱང་ཐེ་ཚོམ་དུ་གྱུར་ཡོད་པ་དང་། ཐོབ་ཡོད་ནའང་དམ་ཉམས་ཀྱིས་ལུང་པ་གང་ཟེར་བ་ལྟ་བུ་ལས་གང་ཡང་མེད་སྙམ།

འོན་ཀྱང་བཙན་བྱོལ་བོད་པ་ཆ་ཚང་བ་དེ་ལྟ་བུ་ཡིན་མི་སྲིད་པ་དང་། གང་འཚམ་ཞིག་གིས་ནང་ཆོས་ལ་སློབ་གཉེར་གནང་ཡོད་པ་དང་། ཉམས་བཞེས་ཀྱང་གནང་གི་ཡོད་ངེས་རེད། འོན་ཀྱང་ཕལ་ཆེ་བའི་ངོས་ནས་བཤད་ན་ཕྱིའི་དངོས་པོ་ལ་དང་འདོད་གཙོ་བོ་བྱེད་པ་ལས། ནང་བསམ་བློ་ལ་དོ་སྣང་དང་བསྒྱུར་བཅོས་བྱེད་མཁན་གྱི་གཞོན་སྐྱེས་ཤིག་དཀོན་ཚོད་དུ་སྣང་། གོང་གསལ་གྱི་རྒྱུ་མཚན་དེ་དག་ལ་བརྟེན་ནས་བཙན་བྱོལ་བོད་མི་རྣམས་འཛམ་གླིང་གི་ཐོག་ནས་ཀུན་སྤྱོད་དང་བསམ་བློ་སྡུག་ཤོས་སུ་གྱུར་ཡོད་ཅེས་བརྗོད་འདོད་པ་དེ་མིན་ནའང་། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཚབ་མཚོན་ལྟ་བུའི་མི་རིགས་ཤིག་ཏུ་ངོས་འཛིན་བྱེད་དགོས་ན་ད་དུང་བར་ཐག་ཧ་ཅང་རིང་པོ་ཞིག་གིས་ཆོད་ཡོད། ནང་པ་སངས་རྒྱས་པའི་ལྟ་སྤྱོད་ཀྱི་རྣམ་གཞག་ཐོག་གཙོ་ཆེ་ཤོས་དེ་སྟོང་ཉིད་དང་འཚེ་བ་མེད་པ་དེ་ཡིན་པ་དང་། གཞི་རྩའི་ཐོག་ནས་ལས་འབྲས་ཀྱི་རྣམ་གཞག་ལ་ཡིད་ཆེས་དང་ངེས་ཤེས་ཟབ་མོ་ཞིག་མེད་པའི་མི་སུ་ཡིན་ཡང་། ནང་པ་སངས་རྒྱས་པའི་རྗེས་འབྲངས་རྣལ་མ་ཞིག་གཏན་ནས་མ་རེད་ཅེས་བརྗོད་ཆོག

མདོར་ན་བོད་པའི་ཆོས་ལུགས་དེ་ཆོས་ལུགས་པ་དག་གི་ངོས་ནས་རྒྱ་ནག་སོགས་ཤར་ཕྱོགས་ཀྱི་ཡུལ་གྲུ་ཁག་དང་། ནུབ་ཕྱོགས་ཀྱི་མི་ལ་སྤེལ་ནས་རྒྱུ་ནོར་གསོག་སྒྲུབ་བྱེད་པའི་ལག་ཆ་ཙམ་དུ་ངོས་འཛིན་མི་བྱེད་པར། དད་ལྡན་བོད་རིགས་མི་སྐྱ་ཕོ་མོ་རྣམས་ལའང་དུས་ནས་དུས་སུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་གནས་ལུགས་དང་བླང་དོར་གསལ་པོ་སྟོན་དགོས་པ་དང་། བོད་རིགས་མི་སྐྱ་ཕོ་མོ་རྣམས་ཀྱིས་ཀྱང་ནང་ཆོས་དེ་བོད་པའི་གྲྭ་བཙུན་རྣམས་དང་། མགོ་སེར་པ་ཁག་ཅིག་དང་། རྒྱ་མི་ཁག་ཅིག་གིས་སློབ་སྦྱོང་བྱེད་རྒྱུ་ཙམ་ལས་ང་ཚོ་དང་འབྲེལ་བ་གང་ཡང་མེད་པ་ལྟ་བུར་མི་བལྟ་ཞིང་། ལྷག་པར་དུ་ནང་པའི་རྗེས་འཇུག་པ་ཡིན་པའི་ངོས་ནས་གསང་སྔགས་ཀྱི་དབང་ཞུ་བ་ཙམ་དང་། དེ་བས་ཀྱང་ཚེ་དབང་ཞུ་རྒྱུ་དང་ཚེ་རིལ་ལ་འཚང་ཁ་རྒྱག་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་ན་བོད་པ་དེ་དུས་ནམ་ཡང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་བསམ་བློའི་གཞི་རྩ་བྱས་པའི་མི་རིགས་ཤིག་ཏུ་འགྱུར་མི་སྲིད་པས། མ་འོངས་པར་ནང་པའི་རྗེས་འབྲངས་དང་ནང་པའི་ལྟ་སྤྱོད་རྒྱུད་འཛིན་བྱེད་མཁན་དུ་ཁས་འཆེ་བ་དག་གིས་ནང་ཆོས་ལ་སློབ་གཉེར་བྱེད་རྒྱུ་དེ་གལ་ཆེ་སྙམ།།