ནང་སྲིད་བཀའ་བློན་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་བ།

ཟླ་འདིའི་ཚེས་༢༤ ཉིན་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭར། དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་མི་མང་ཡོངས་ནས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མར་ཐུགས་རྗེའི་ལེགས་འབུལ་གྱི་མཛད་སྒོ་ཞིག་འཚོགས་སོང། མཛད་སྒོར་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་དང་ས་གནས་ཀྱི་མཛད་གཙོ་རྣམ་པ་ཕེབས་ཡོད་པ་རེད།

132749733339_oཐོག་མར་དྷ་ས་ས་གནས་འགོ་འཛིན་གྱི་ལས་ཚབ་ཚེ་རིང་ལྷ་མོས་མཛད་སྒོའི་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་སྐབས། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མར་བཙན་བྱོལ་བོད་མིའི་གཞིས་ཆགས་གང་ས་ནས་གཟེངས་རྟགས་སོགས་སྤྲོད་ཀྱི་ཡོད་ཁར། ཁོང་གིས་དྷ་སར་ཡང་མི་མང་གི་འཚོ་བའི་དཀའ་ངལ་ལ་ཁ་ཚ་དགོས་གཏུགས་ཀྱིས་ལྷག་བསམ་རྣམ་དག་ཐོག དཀའ་ལས་མང་པོ་བརྒྱབ་ཡོད་པས། དྷ་ས་ས་གནས་མི་མང་ནས་དེ་རིང་ཐུགས་རྗེ་ལེགས་འབུལ་གྱི་མཛད་སྒོ་གོ་སྒྲིག་བྱས་ཡིན་པ། དེ་བཞིན་དྷ་ས་ཁྱིམ་ཚང་༢༡༨ གྱི་ས་ཆ་དེ་རྒྱ་གར་ཤིང་ནགས་ཀྱི་ས་ཆ་ཆགས་རྐྱེན། དེ་དག་གཏོར་གྲབས་བྱས་པར། ཁོང་གིས་དཀའ་ལས་ཆེན་པོ་བརྒྱབ་ནས་ཕན་ཐོགས་བྱུང་ཡོད་པ། བོད་མི་ཐང་ཁྲོམ་སྟོན་མཁན་ཚོར་ཡང་དཀའ་ལས་བརྒྱབ་ནས་གྲུབ་འབྲས་ཐོན་པ། དེ་བཞིན་བོད་མི་ཚོར་རྒྱ་གར་གྱི་བཟའ་འབྲུའི་ལག་ཁྱེར་དང་ཉམ་ཐག་ཚོར་རོགས་རམ་ཐོབ་པ་སོགས་ལས་ཀ་མང་པོ་བྱས་ཡོད་སྐོར་ངོ་སྤྲོད་བྱས་སོང།

དེ་རྗེས་དྷ་ས་མི་མང་སྐུ་ཚབ་དང་ཐང་ཁྲོམ་ཚོང་པའི་སྐུ་ཚབ་ནས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལ་ཕྱག་རྟགས་གནང་སོང།

ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས། ད་བར་ནང་སྲིད་དྲུང་ཆེ་གཙོས་པའི་ལས་བྱེད་སོགས་ཀྱི་དཀའ་ལས་བརྒྱབ་པ་དེ་ལས་འགན་འཁུར་ནས་བྱས་པ་ཡིན་པས། ཁོང་ལ་ཐུགས་རྗེ་ཆེ་ཞུ་དགོས་ཡ་མེད་པ། ཐུགས་རྗེ་ཞུ་དགོས་ཡུལ་གཙོ་བོ་དང་སྙིང་ལ་བཅངས་དགོས་པ་ནི་༧གོང་ས་མཆོག་ཡིན་པ། ཁོང་གི་ཐུགས་རྗེའི་བྱིན་རླབས་དང་མཚན་འཁྱེར་ནས། བོད་མིའི་ལས་དོན་མང་པོ་ཞིག་སྒྲུབ་ཐུབ་ཀྱི་ཡོད་སྐོར་གསུངས་སོང།

ཁོང་གིས་མུ་མཐུད་གསུང་དོན། དྷ་སའི་ཁྱིམ་ཚང་༢༡༨ ཀྱི་གནད་དོན་དེར་རྒྱ་གར་དབུས་གཞུང་དང། མངའ་སྡེའི་གཞུང། དེ་བཞིན་དྷ་སའི་རྒྱ་གར་ཧིན་བོད་མཛའ་འབྲེལ་ཚོགས་པ་དང། ཚོང་པའི་ཚོགས་པ་སོགས་ཚོགས་པ་༢༠ ལྷག་གིས་རྒྱབ་སྐྱོར་བྱས་ཡོད་པ། དེ་བཞིན་ཐང་ཁྲོམ་གནད་དོན་དང་བོད་མི་ཚོར་བཟའ་འབྲུའི་ལག་ཁྱེར་སོགས་ཀྱི་ཐོག་ལ། མངའ་སྡེའི་གཞུང་ནས་བོད་མི་ཚོར་གཟིགས་པ་ཆེན་པོ་བྱས་ཡོད་པས། རྒྱ་གར་དབུས་དང་མངའ་སྡེའི་གཞུང། ས་གནས་ཀྱི་མི་མང་བཅས་ལ་ཐུགས་རྗེ་ཆེ་ཞུས་སོང། དེ་བཞིན་བོད་མི་ཚོ་གཞན་ཡུལ་དུ་བསྡད་ཡོད་སྟབས། བཙན་བྱོལ་བ་ཡིན་ཞེས་སྤོབས་ཆགས་དགོས་མེད་ཀྱང། ཡ་རབས་བཟང་སྤྱོད་ངང་སྡོད་སྟངས་མཁས་པོོའི་ཐོག་ནས་བསྡད་ན་སྒེར་དང་སྤྱི་པ་ལ་ཕན་ཐོགས་ཡོད་སྐོར་གསུངས་སོང།

དེ་བཞིན་འོས་བསྡུའི་ལས་རིམ་དང་འབྲེལ་ནས་གསུང་དོན། མི་མང་ནང་ལ་ཆོལ་ཁའི་འཐེན་ཁྱེར་མེད་པ་གསལ་པོ་ཡིན་པ་དེ། སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་ཐོབ་ནས་གསལ་པོ་ཡིན་པ། ༧གོང་ས་མཆོག་གི་ཐུགས་དགོངས་བཞིན་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་ཡོང་བར། བོད་མི་ཚང་མས་འགན་ཁུར་དགོས་སྐོར་གསུངས་སོང།

མཐའ་མར་ཁོང་གིས་བོད་མིའི་སྤྱི་ཚོགས་ཁྲོད་ཉམ་ཐག་སྐྱོ་པོ་ལྷག་བསྡད་ཡོད་ཚེ། ས་གནས་འགོ་འཛིན་དང་དབུས་བོད་མིའི་སྒྲིག་འཛུགས་ལ་ཞུ་དགོས་པ། ད་ལྟ་བར་ནང་སྲིད་ནས་ཉམ་ཐག་ཧ་མ་གོ་བར་ལྷག་བསྡད་པ་ཡོད་ན་དགོངས་དག་ཞུ་རྒྱུ། དེ་བཞིན་མ་འོངས་པར་ཉམ་ཐག་ལ་ལྟ་སྐྱོང་ཡག་པོ་ཡོང་བར། ས་གནས་འགོ་འཛིན་ཚོར་དེའི་ཐོག་ལ་དབང་ཆ་དང་དཔལ་འབྱོར་གྱི་ནུས་པ་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང།།
གསར་འགོད་པ་སྐལ་བཟང་དོན་གྲུབ།