བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༩༧ ཕྱི་ལོ་ ༢༠༢༠/༠༤/༠༨
ལོ་འདིར་རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ནད་ཡམས་འདིས་གོ་ལའི་ཤར་ནུབ་ཀུན་ཏུ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚད་ལས་བརྒལ་བ་གཏོང་བཞིན་པ་དང་། ད་བར་འཛམ་གླིང་དུ་ནད་ཡམས་ཀྱི་གནོད་སྐྱོན་ལ་བརྟེན་ནས་མིའི་ཚེ་སྲོག་འཕྲོགས་པའི་གྲངས་ཀ་ནི། རིམ་ནད་འཆི་བདག་ནག་པོའི་(The Black Death) གནོད་སྐྱོན་དང་བསྡུར་ན་ད་དུང་བར་ཐག་རིང་ཡང་། འཛམ་གླིང་ཧྲིལ་པོར་དཔལ་འབྱོར་གྱི་གྱོང་གུད་དང་། རྩོད་རྙོག་གི་གནད་དོན་ཐོག་ནས་སྔོན་མའི་ནད་ཡམས་ཁག་དང་བསྡུར་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། ད་ལྟའི་ཆར་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་གཞི་གཅིག་ཏུ་འབྲེལ་ཡོད་པས། གྱོང་གུད་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ནད་ཡམས་ལ་བརྟེན་ནས་སྟོན་ཐོག་འདེབས་ལས་ཀྱི་ཐོག་ལའང་འགལ་རྐྱེན་མང་པོ་འཕྲད་བཞིན་ཡོད་པས། ནད་ཡམས་ཀྱི་རྗེས་སུ་མུ་གེ་ཆེན་པོ་ཞིག་ཀྱང་ཡོང་གི་ཡོད་པའི་སེམས་ཁྲལ་འདི་མི་བྱེད་ཀ་མེད་དང་། གནད་དོན་འདིའི་ཐོག་ནས་རྒྱ་ནག་ནི་འཛམ་གླིང་མི་མང་གནོད་ཆེན་པོ་སྐྱེལ་མཁན་ཞིག་ཡིན་པར་ངོ་ཐག་ཆོད་དགོས།
སྤྱི་ཡོངས་ནས་རྒྱ་དམར་སྲིད་གཞུང་ཙམ་མ་ཡིན་པར་རྒྱ་མི་རིགས་ཕལ་མོ་ཆེ་ནི། ད་ལྟའི་ནད་ཡམས་འདི་དང་གཅིག་མཚུངས་བཞིན་མི་ལ་གནོད་སྐྱོན་གཏོང་རྒྱུ་ཁོ་ན་ལས་མེད་པ་ལྟ་བུར་གྱུར་ཡོད་ཅེས་བརྗོད་ན་ཅུང་ཐལ་ཆེ་དྲགས་སྲིད་ཀྱང་། རྒྱ་དམར་གཞུང་གི་སློབ་གསོའི་འོག་ཀླད་པ་ལ་ཚད་བཀག་བཟོས་ནས་འཚར་ལོང་བྱུང་བའི་རྒྱ་མི་ཕལ་མོ་ཆེ་ནི། རྒྱ་དམར་གཞུང་གི་བསམ་བློའི་ནད་དུག་ལ་བརྟེན་ནས་མི་རིགས་རིང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། འཛམ་གླིང་གི་རྒྱལ་ཁབ་མང་པོའི་གནས་ཚུལ་རྒྱ་དམར་སྲིད་གཞུང་གིས་བཀག་སྡོམ་ནན་པོ་བྱས་ནས། དངོས་ཡོད་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་མེད་པར་བརྟེན། རྒྱ་མི་ཕལ་ཆེ་བ་ནི་དང་བླངས་ཀྱི་ཐོག་ནས་རྒྱ་དམར་གཞུང་གི་མགྲིན་ཚབ་པ་རེ་རེར་གྱུར་ཡོད་པ་ལྟ་བུ་ཡིན་པས། གནད་དོན་མང་པོ་ཞིག་གི་ཐོག་ནས་རྒྱ་དམར་གཞུང་དང་རྒྱ་མི་རིགས་ཀྱི་བར་ལ་དབྱེ་བ་འབྱེད་དཀའ་བ་དང་། ལྷག་པར་དུ་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་བཤད་ན་དེ་བས་ཀྱང་གཅིག་མཚུངས་སུ་གྱུར་ཡོད།
སྤྱིར་ད་ལྟའི་དུས་འདིར་རྒྱ་ནག་གི་ཤུགས་རྐྱེན་འཛམ་གླིང་ཁྱོན་ཡོངས་སུ་ཆེན་པོ་ཐེབས་བཞིན་ཡོད་པ་དང་། མི་འབོར་མང་བ་དང་། ལས་དོན་ལ་ཧུར་བརྩོན་ཆེན་པོ་བྱེད་མཁན་ཞིག་ཡིན་པས། གཞུང་སྒེར་སོ་སོས་རྒྱ་ནག་ཏུ་མ་རྩ་བཙུགས་ནས་བཟོ་གྲྭ་མང་པོ་བསྐྲུན་པ་སོགས་ཀྱིས། རྒྱ་ནག་གི་དཔལ་འབྱོར་དུས་ཐུང་ནང་ཡར་རྒྱས་ཆེན་པོ་སོང་ཡོད། དང་པོ་རྒྱ་ནག་འཛམ་གླིང་སྟོབས་ཆེན་གྱི་གྲས་སུ་ཚུད་པར་རོགས་རམ་ཆེ་ཤོས་བྱེད་མཁན་ཨ་རི་དང་། ཡུ་རོབ་ཁུལ་སོགས་ཀྱི་རྒྱལ་ཁབ་ཁག་ཡིན་ཡང། ད་ལྟའི་ཆར་རྒྱ་ནག་གི་ཧམ་སེམས་ཆེན་པོས་རྒྱལ་ཁབ་མང་པོ་ཞིག་ལ་གནོད་ཤུགས་སྤྲོད་པ་དང་སྟངས་འཛིན་བྱེད་ཐབས་བྱེད་བཞིན་ཡོད། ལྷག་པར་དུ་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་ནུས་པའང་ཆུང་དུ་བཏང་ནས་འཛམ་གླིང་གི་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་བཟོ་རྒྱུའི་རྨི་ལམ་གཏོང་གི་ཡོད་པ་དང། ཚོང་གི་ཐོག་ནས་རྒྱལ་ཁབ་མང་པོར་གནོད་སྐྱོན་གཏོང་བ་ཙམ་དུ་མ་ཟད། འཕྲུལ་ཆས་དང་རིག་རྩལ་གྱི་གསང་བ་རྐུ་འཁྱེར་བྱེད་པའི་བྱ་ངན་ཡང་ཤུགས་ཆེན་པོ་སྤེལ་བཞིན་ཡོད།
རྒྱ་ནག་གིས་ཚོང་ལས་ཐོག་གཡོ་སྒྱུ་ཁྲམ་གསུམ་གྱི་བྱ་བ་མང་པོ་ཞིག་རྩོམ་བཞིན་ཡོད་སྟབས། ལོ་སྔོན་མའི་ནང་ཨ་རིའི་གཞུང་གིས་རྒྱ་ནག་ལ་སྒོ་ཁྲལ་སྤར་ཆ་ཤུགས་ཆེ་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་གཞུང་ལའང་དཔལ་འབྱོར་གྱི་ཐོག་ནས་གནོད་སྐྱོན་ཆེན་པོ་ཐེབས་ཡོད། ཨ་རི་དང་རྒྱ་ནག་གཉིས་ཀྱི་དབར་གནད་དོན་དེའི་ཐོག་གྲོས་བསྡུར་མང་པོ་ཞིག་བྱས་ཀྱང་གྲུབ་འབྲས་ཐོན་པ་ཞིག་བྱུང་མེད། རྒྱ་དམར་གཞུང་གི་ངོས་ནས་ཀྱང་འཛམ་གླིང་གི་རྒྱལ་ཁབ་གཞན་ལ་འབོར་ཤོབ་ཤོད་པ་བཞིན་ཨ་རི་ལ་ཤོད་མི་ཐུབ་ལ། ཨ་རི་ལ་ལྟོས་དགོས་པ་བཞིན་རྒྱལ་ཁབ་གཞན་ལ་ལྟོས་དགོས་པ་མེད། ཨ་རིའི་སྲིད་གཞུང་གིས་རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲད་པའི་དབང་དུ་བཏང་ན། གཞན་རྒྱལ་ཁབ་སུ་གཅིག་དང་མི་འདྲ་བར་གནོད་སྐྱོན་གཏོང་ཐུབ། ལོ་ཁ་ཤས་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཁྲོམ་གྱིས་གནད་དོན་དེ་ཁ་གསལ་བཟོས་ནས་གླེང་གི་ཡོད་ཀྱང་། ཁོང་ལ་ཚོང་པའི་གཤིས་ཀ་ཆེན་པོ་ཡོད་སྟབས་ཁེ་བཟང་ཞིག་མཐོང་ན་རྩ་དོན་བློས་གཏོང་མི་སྲིད་པའང་མ་རེད།
མདོར་ན་རྒྱ་གཞུང་གིས་རང་ཉེས་གཞན་ལ་གཡོག་ཆེད་ནད་འབུ་དེའི་ཐོག་མའི་འབྱུང་ཁུངས་ཨ་རི་ཡིན་ཚུལ་སོགས་བརྗོད་ནས་རྩོད་རྙོག་བཟོས་པ་དང་། ཝུ་ཧན་གྲོང་ཁྱེར་ནས་ཞིང་ཆེན་དང་གྲོང་ཁྱེར་གཞན་ལ་འགྲོ་འོང་བཀག་སྡོམ་བྱས་ཟིན་པའི་རྗེས་སུ། ཝུ་ཧན་ནས་ཕྱི་རྒྱལ་ཁག་ཏུ་འགྲོ་བསྐྱོད་བཀག་སྡོམ་མ་བྱས་པ་དང་། ནད་ཡམས་དེ་བྱུང་ནས་ཟླ་གཅིག་ཙམ་གྱི་རྗེས་སུ་མི་ནས་མི་ལ་འགོ་བ་ཞིག་མ་རེད་ཅེས་བརྗོད་པ་མ་ཟད། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་བེད་སྤྱོད་བཏང་ནས་རྒྱ་ནག་གི་དྲིལ་བསྒྲགས་དེ་བསྐྱར་ཟློས་བྱེད་དུ་བཅུག་པ། དེ་ལ་བརྟེན་ནས་རྒྱལ་ཁབ་མང་པོ་ཞིག་གིས་ནད་ཡམས་སྔོན་འགོག་གི་ཐོག་མའི་དུས་ཚོད་ཡག་ཤོས་དེ་ཆུད་ཟོས་སུ་སོང་ཡོད་པ་དང་། རིམ་འགོག་གི་ཡོ་ཆས་ཁ་རས་ཚད་གཞི་མ་ལོངས་པ་དང་། རྙིང་པ་སོགས་ཕྱིར་ཚོང་བྱས་པ་དང་། བརྟག་དཔྱད་འཕྲུལ་ཆས་ཚད་གཞི་མ་ལོངས་པ་ཕྱིར་ཚོང་བྱས་པ་སོགས་མང་པོ་ཞིག་ཕྱིར་སློག་བྱེད་དགོས་བྱུང་ཡོད་པས། ད་ལྟའི་ནད་ཡམས་འདིའི་ཐོག་ནས་འགན་གཙོ་བོ་རྒྱ་གཞུང་ལ་ཡོད་དགོས་ངེས་རེད།།