ནད་ཡམས་སྐབས་སུ་ཕྱུག་བདག་རྣམས་ཀྱི་རྒྱུ་ནོར་ལྡབ་གཉིས་འཕར་ཡོད་འདུག
དབུལ་ཕྱུག་གཉིས་བར་གྱི་ཁྱད་པར་དང་དེའི་ཤུགས་རྐྱེན་ཐོག་གི་ཞིབ་འཇུག་སྙན་ཐོ་ཞིག་གི་ནང་དུ། ཏོག་དབྱིབས་ནད་ཡམས་སྐབས་སུ་འཛམ་གླིང་ནང་གི་མི་སྣ་ཕྱུག་ཤོས་༡༠ ཡི་རྒྱུ་ནོར་ལྡབ་གཉིས་འཕར་ཡོད་པ་དང་། དེས་དབུལ་ཕྱུག་གཉིས་བར་གྱི་ཁྱད་པར་ཤུགས་ཆེ་རུ་བཏང་བར་བརྟེན། ཉིན་རེར་མི་གྲངས་༢༡༣༠༠ ཡི་ཚེ་སྲོག་ཤོར་བར་མཐུན་སྦྱོར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ཟླ་༡ པོའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་འཛམ་གླིང་ནང་དབུལ་ཕོངས་ཉུང་དུ་གཏོང་ཐབས་བྱེད་མཁན་ཚོགས་པ་ཨོག་སེ་ཧྥེམ་(OXFAM) ཞེས་པ་དེས། འཛམ་གླིང་ནང་གི་དབུལ་ཕྱུག་གཉིས་བར་གྱི་ཁྱད་པར་དང་དེའི་ཤུགས་རྐྱེན་ཐོག་ཞིབ་འཇུག་སྙན་ཐོ་ཞིག་བཏོན་འདུག
ཞིབ་འཇུག་སྙན་ཐོ་དེའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་སྐབས་སུ་ཕྱུག་བདག་རྣམས་ཀྱི་རྒྱུ་ནོར་ཧ་ཅང་གིས་མང་དུ་ཕྱིན་ཡོད་ཀྱང་། མི་མང་བརྒྱ་ཆ་༩༩ ཡི་ཡོང་འབབ་ལ་གྱོང་གུད་ཐེབས་ཡོད་པ། འཛམ་གླིང་ནང་གི་མི་སྣ་ཕྱུག་ཤོས་༡༠ ཡི་རྒྱུ་ནོར་དེ་ལྡབ་གཉིས་འཕར་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་ནང་དབུལ་ཕྱུག་གཉིས་བར་གྱི་ཁྱད་པར་དེ་ནི་ཧ་ཅང་གིས་ཐལ་དྲག་པའི་གནས་སྟངས་ཤིག་ཡིན་པས། དེ་ནི་མི་མང་དང་རྒྱལ་ཁབ་དབུལ་པོ་རྣམས་ལ་དཔལ་འབྱོར་གྱི་འཚེ་བ་བྱེད་པ་ཞིག་ཡིན་པ། འོན་ཀྱང་འཛམ་གླིང་ནང་གི་ལམ་ལུགས་དང་སྲིད་བྱུས། སྲིད་དོན་གྱི་འདམ་ག་སོགས་ནི་ཕྱུག་ཤོས་དང་དབང་ཤུགས་ཆེ་ཤོས་རྣམས་ལ་ཕན་ཐོག་ཆེད་དུ་བཟོས་ཡོད་པས། མི་མང་དཀྱུས་མ་མང་ཆེ་བ་རྣམས་ལ་གནོད་གཞི་ཆགས་ཀྱི་ཡོད་པ། མི་མང་ས་ཡ་མང་པོ་ཏོག་དབྱིབས་ལ་བརྟེན་ནས་གྲོངས་ཡོད་པ་དང་གལ་ཏེ་ཁོ་ཚོར་སྔོན་འགོག་སྨན་ཁབ་ཐོབ་ཡོད་ཚེ་གསོན་པོ་གནས་ཐུབ་ཡོད་པ། ཚོང་ལས་ཁང་ཆེན་པོ་ཚོས་སྔོན་འགོག་སྨན་ཁབ་བཟོ་སྐྲུན་བྱེད་ཆེད་ཀྱི་འཕྲུལ་རིག་རྣམས་ཚོང་ལས་དབང་འཛིན་བྱེེད་ནས། མི་མང་དབུལ་ཕོངས་རྣམས་ལ་གསོན་པོར་གནས་པའི་གོ་སྐབས་སྤྲད་མེད་སྐོར་བརྗོད་འདུག
དེ་བཞིན་སྙན་ཐོ་དེའི་ནང་དུ་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་དབུལ་ཕྱུག་གཉིས་བར་གྱི་ཁྱད་པར་ཤུགས་ཆེ་རུ་ཕྱིན་ཡོད་པའི་གནས་སྟངས་ལ་བརྟེན་ནས། འཛམ་གླིང་ནང་སེམས་འཚབ་དང་འཁོན་འཛིན་སྣོན་མ་བཟོ་རྒྱུ་ཡིན་པ། དེ་ལ་བརྟེན་ནས་རྒྱལ་ཁབ་ཁག་གིས་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར་གྱི་ཁྱད་པར། སྤྱི་ཚོགས་ཀྱི་བརྟན་ལྷིང་སོགས་ཆེད་དུ་སྤེལ་འདོད་པའི་ལས་དོན་ལ་དཀའ་ཁག་བཟོ་རྒྱུ་ཡིན་པ། ད་ལྟའི་དབུལ་ཕྱུག་གཉིས་བར་གྱི་ཁྱད་པར་དེ་ནི་ལོ་རྒྱུས་ཀྱི་ནང་དུ་མི་རིགས་དབྱེ་འབྱེད་དང་། བྲན་གཡོག་ལམ་ལུགས། མི་སེར་སྤེལ་བའི་རིང་ལུགས་སོགས་དང་འབྲེལ་བ་ཡོད་པ། ཛ་དྲག་པའི་གནས་སྟངས་དེ་སེལ་ཆེད་དུ་གཞུང་གིས་དཀའ་ངལ་གྱི་རྩ་བ་ནས་འགྱུར་བ་བཏང་ནས་འདྲ་མཉམ་ཡོད་པའི་འཛམ་གླིང་ཞིག་ཡོང་ཆེད་ཀྱི་རྨང་གཞི་འཛུགས་དགོས་པ། ལས་དོན་དེའི་ཆེད་དུ་ཐོག་མར་གྱི་ལས་དོན་ཞིག་ནི་ཕྱུག་བདག་ཚོར་དཔྱ་ཁྲལ་འགེལ་ནས། དེ་དག་ལས་བྱུང་བའི་དངུལ་རྣམས་སྨན་ཞབས་པ་དང་སྨན་ཁང་།་སྔོན་འགོག་སྨན་ཁབ་སོགས་ཀྱི་ཐོག་འགྲོ་སོང་གཏོང་དགོས་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།