ནིའི་ཡོག་ནས་འཇུ་བཟུང་བྱས་པའི་མི་དེའི་སྐོར་བོད་རིགས་སྤྱི་མཐུན་ཚོགས་པའི་གསལ་བཤད།
ནིའི་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་སྐབས་༡༦ པའི་ཚོགས་གཙོ་བསོད་ནམས་རྒྱས་འཕེལ་གྱིས། སྐབས་༡༦ པའི་རྒྱུན་ལས་ཀྱིས་སྔ་མོ་ནས་པདྨ་དར་རྒྱས་ངག་དབང་ཟེར་བའི་ནིའུ་ཡོག་གི་ཉེན་རྟོག་པ་དེ་རྒྱ་ནག་གི་མྱུལ་མ་ཞིག་ཡིན་པའི་དོགས་གཞི་བྱུང་ནས་“བྱང་ཨ་རིའི་སྐུ་དོན་གཅོད་ཁང་ལ་སྙན་སེང་ཞུས་”པའི་གསལ་བཤད་གནང་འདུག
ཕྱི་ཟླ་༩ ཚེས་༢༡ ཉིན་པདྨ་དར་རྒྱས་ངག་དབང་ཞེས་པའི་ནིའུ་ཡོག་གི་ཉེན་རྟོག་པ་ཞིག་རྒྱ་ནག་གི་མྱུལ་མ་ཡིན་པ་དང་། ཁོས་ས་གནས་དེ་གའི་བོད་མིའི་བྱ་སྤྱོད་ལ་མྱུལ་ཞིབ་བྱེད་བཞིན་པའི་གནས་ཚུལ་འོག་ཨ་རིའི་ཉེན་རྟོག་པས་འཇུ་བཟུང་བྱས་རྗེས། བོད་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་མྱུལ་མ་དེ་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་དུ་ཡོང་བའི་འདྲ་པར་བརྒྱུད་སྐུར་དང་། མྱུལ་མ་དེ་དང་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་སྐབས་༡༦ པ་དང་འབྲེལ་བ་ཅི་ཡོད། བོད་རིགས་ཤིག་ཡིན་མིན་ལ་དོགས་འདྲི་མང་པོ་བྱུང་བས། སྐབས་༡༦ པའི་ཚོགས་གཙོ་བསོད་ནམས་རྒྱལ་པོས་པདྨ་དར་རྒྱས་ངག་དབང་དང་ཐོག་མར་འབྲེལ་བ་ཇི་ལྟར་བྱུང་བ་དང་། དེ་ནས་མི་དེ་དང་རྒྱ་ནག་གི་གཞུང་ཚབ་ཁང་གཉིས་ཀྱི་བར་དུ་འབྲེལ་བ་ཡོད་པ་ཤེས་ནས་བོད་རིགས་སྤྱི་མཐུན་ཚོགས་པས་འབྲེལ་བའི་སྐོར་གསལ་བཤད་གནང་སོང་།
ཕྱི་ཟླ་༩ ཚེས་༢༢ ཉིན་གྱི་དགོང་མོར་སྤེལ་བའི་གསར་འགོད་གསལ་བསྒྲགས་དེའི་ནང་། (གསལ་བསྒྲགས་དྲ་ཐག)ཚོགས་གཙོ་བསོད་ནམས་རྒྱལ་པོས་རྒྱ་ནག་གི་མྱུལ་མ་ཡིན་པའི་འཇུ་བཟུང་བྱས་པ་དེ་དང་ཁོ་གཉིས་ཀྱི་འབྲེལ་བ་ཐོག་མ་དེ་ཕྱི་ལོ་༢༠༡༨ ཀྱི་ཕྱི་ཟླ་༡༡ ནང་དུ་བྱུང་ཚུལ་གསལ་བཤད་གནང་བ། དེ་ཡང་ཐོག་མར་ཁོས་ཚུར་ཚོགས་གཙོ་ཁོང་ལ་ཁ་པར་བཏང་ནས་ཁོ་བོད་པ་ཡིན་པ་དང་། མིང་ལ་“ངག་དབང་དར་རྒྱས་”ཟེར་བ། ནིའུ་ཡོག་ཉེན་རྟོག་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་ཚུལ་སོགས་ངོ་སྤྲོད་བྱས་ཏེ་བོད་རིགས་སྤྱི་མཐུན་ཚོགས་པར་རོགས་པ་བྱེད་འདོད་ཡོད་ཚུལ་བཤད་བྱུང་བའི་འགྲེལ་བརྗོད་གནང་སོང་།
ཚོགས་གཙོ་བསོད་ནམས་རྒྱས་འཕེལ་གྱིས་གསལ་བཤད་བྱས་པ་ལྟར་ན། དེ་ལྟར་ཁོ་གཉིས་ཀྱི་བར་དུ་ཁ་པར་གྱི་འབྲེལ་བ་ཐོག་མ་དེ་བྱུང་རྗེས། བོད་རིགས་སྤྱི་མཐུན་ཚོགས་པས་སྲིད་སྐྱོང་བློ་བཟང་སེང་གེ་གདན་དྲངས་ཏེ་༢༠༡༨ ཀྱི་ཕྱི་ཟླ་༡༡ ཚེས་༢༢ ཉིན་(Thanksgiving Day) ཆོལ་གསུམ་ཟློས་གར་ལོ་༢༥ འཁོར་བའི་དུས་དྲན་མཛད་སྒོ་ཞིག་གྲ་སྒྲིག་བྱེད་བཞིན་པའི་སྐབས། ངག་དབང་དར་རྒྱས་ཀྱིས་སླར་ཡང་ཁོང་ལ་ཁ་པར་ཐེངས་མང་བཏང་ནས་རོགས་བྱེད་འདོད་ཡོད་ཚུལ་བཤད་ཀྱང་། ཁོང་གིས་དེ་ལ་དེ་ཙམ་དོ་སྣང་མ་བྱས་པར་བཞག་ནས་མཛད་སྒོ་དེའི་བདེ་འཇགས་སྲུང་མཁན་ཉེན་རྟོག་རུ་ཁག་གཞན་བོས་འདུག
དེ་བཞིན་ཁོང་གིས། ངག་དབང་དར་རྒྱས་ཨ་རིའི་དམག་ལ་འགྲོ་མྱོང་བའི་ཉེན་རྟོག་པ་ཞིག་ཡིན་སྟབས། བོད་རིགས་སྤྱི་མཐུན་ཚོགས་པའི་༢༠༡༩ ཟླ་༡ ཚེས་༥ ཉིན་གྱི་ཚོགས་འདུ་ཞིག་(Board meeting)ལ་ཁོ་“འཁྱུག་ཙམ་སྐད་བཏང་”ན་ཡང་། ༢༠༡༩ ཕྱི་ཟླ་༢ ཚེས་༩ ཉིན་གྱི་ལོ་གསར་ལ་སྤྲོ་སྐྱིད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཁོ་རེད་ཟེར་བ་དེ་བདེན་པ་མ་ཡིན་པ་དང་། ཁོ་ཉིན་དེར་སྐུ་སྲུང་དམག་མི་གཞན་དག་ལྟར་གྲལ་སྟར་གཉིས་པའི་ནང་ཡོད་པའི་འགྲེལ་བརྗོད་གནང་སོང་།
བོད་རིགས་སྤྱི་མཐུན་ཚོགས་པས་ཁོ་ལ་ཐོག་མར་ཇི་ལྟར་དོགས་པ་བྱུང་བའི་ཐད་ལ་ཚོགས་གཙོས་གསལ་བཤད་གནང་བ་ལྟར་ན། ༢༠༡༩ ཟླ་༣ ཚེས་༣ ཉིན་བོད་རིགས་སྤྱི་མཐུན་ཚོགས་པ་ངག་དབང་དར་རྒྱས་ཀྱིས་ལོ་གསར་སྤྲོ་ཚོགས་ཉིན་ཁྲིད་པའི་ཁོང་གི་བཟའ་ཟླ་དེ་རྒྱ་ནག་གི་གཞུང་ཚབ་ཁང་དུ་ཡོད་པའི་འདྲ་པར་ཞིག་མཐོང་རྗེས། གནས་ཚུལ་དེ་“རྒྱུན་ལས་ནང་གྲོས་བསྡུར་བྱུང་ནས་འབྲེལ་ཐག་གཅོད་རྒྱུའི་ཐག་གཅོད་བྱུང་”འདུག་པ་མ་ཟད། གནད་དོན་དེའི་སྐོར་“བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལ་ཆ་ཚང་སྙན་སེང་ཞུས་”འདུག དེའི་རྗེས་སུ་བསྐྱར་དུ་ཁ་པར་ཐེངས་མང་བསླེབས་ནས། ཐེངས་གཅིག་ཁ་པར་བཀྱགས་ནས་ཁྱེད་རང་དང་རྒྱ་ནག་གཞུང་ཚབ་བར་གྱི་འབྲེལ་བ་གང་ཡིན་ཐད་ཀར་དྲིས་འདུག་ལ། ཁོང་གིས་རྒྱ་ནག་གཞུང་ཚབ་དུ་ཐོངས་མཆན་ཡིག་ཆ་ཞུ་མཁན་ཚོར་རོགས་པ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་པས། དེ་རྗེས་འབྲེལ་བ་གཅིག་ཀྱང་བྱུང་མེད་སྐོར་འགྲེལ་བརྗོད་འདུག
ཨ་རིའི་གཞུང་ནས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ནང་། པདྨ་དར་རྒྱས་ངག་དབང་ནི་བོད་རང་སྐྱོང་ལྗོངས་ནས་ཡིན་པའི་བོད་པ་ཡིན་སྐོར་བཀོད་འདུག་ན་ཡང་། ཁོ་རང་ཉིད་ཀྱིས་བོད་རིགས་སྤྱི་མཐུན་ཚོགས་པར་ཁོ་“རྒྱ་རོང་”ནས་ཡིན་ཚུལ་བཤད་འདུག་པས། ཁོ་དངོས་གནས་གང་ནས་ཡིན་པ་དང་། ཐ་ན་ཁོ་བོད་པ་ཞིག་ཡིན་མིན་ཡང་དོགས་གཞིར་གནས་ཡོད་འདུག
ཨ་རིའི་བོད་སྐད་རླུང་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། VOA པདྨ་དར་རྒྱས་ངག་དབང་ནི་དེ་སྔོན་བོད་མི་ཞིག་དང་ཁང་པ་མཉམ་དུ་གླས་ནས་འདུག་མྱོང་ཡོད་པ་དང་། བོད་མི་དེ་དང་འབྲེལ་ཡོད་ཚང་མར་ཁོང་གི་ཕ་ཡུལ་རྒྱལ་རོང་ཡིན་ཟེར་བ་དང་། ཁྲོ་ཆུ་ནས་ཡིན་ཟེར་བ། མཚམས་རེར་ཁམས་པ་ཡིན་སྐོར་ཡང་བཤད་པ་ལས། ཁ་གསལ་བཤད་རྒྱུ་མེད་སྐོར་གྱི་གནས་ཚུལ་འདུག ། (གནས་ཚུལ་སྔོན་སོང་།)
གསར་འགོད་པ་དཀོན་མཆོག་རབ་བརྟན།