ནིའུ་ཛི་ལན་ཌ་དང་ཝི་ཏི་ནམ། ཐའེ་ཝན་བཅས་ནས་ཏོག་དབྱིབས་བཀག་འགོག་ཡག་ཤོས་བྱས་འདུག 

རྒྱལ་སྤྱིའི་ནང་ཝུ་ཧན་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་བ་ནས་བཟུང་། ད་བར་ཏོག་དབྱིབས་ཁྱབ་གདལ་བཀག་འགོག་གི་ལས་དོན་ནང་དུ་གྲུབ་འབྲས་ཡག་ཤོས་ཐོན་མཁན་རྒྱལ་ཁབ་མང་ཆེ་བ་ནི་རྒྱལ་ཁབ་སྟོབས་ཆུང་ཤ་སྟག་རེད་འདུག 

ཟླ་༡ པོའི་ཚེས་༢༨ ཉིན་ཨོ་སི་ཀྲོ་ལི་ཡར་རྟེན་གཞི་བྱས་པའི་ཉམས་ཞིབ་ལྟེ་གནས་ཁང་(The Lowy Institute) གིས། རྒྱལ་ཁབ་མི་འདྲ་བ་༩༨ ཀྱི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཀག་འགོག་གི་ལས་དོན་དང་གྲུབ་འབྲས་ལ་ཉམས་ཞིབ་བྱས་ཏེ། ཞིབ་འཇུག་སྙན་ཐོ་ཞིག་བཏོན་འདུག 

དེ་ཡང་ཉམས་ཞིབ་ཁང་དེས་རྒྱལ་ཁབ་༩༨ ནང་རྒྱལ་ཁབ་རེ་རེའི་ནང་ཏོག་དབྱིབས་ནད་པ་གྲངས་༡༠༠ ལོན་པའི་རྗེས་ཀྱི་བདུན་ཕྲག་༣༦ རིང་གི་གནས་སྟངས་ལ་ཞིབ་འཇུག་བྱས་འདུག་པ་དང་དེ་ཡང་ཟླ་༡ པོའི་ཚེས་༩ བར་གྱི་གྲངས་ཐོ་རྣམས་བེད་སྤྱོད་བྱས་འདུག 

ཞིབ་འཇུག་སྙན་ཐོ་རྒྱལ་སྤྱིའི་ཏོག་ནད་ཕོག་པའི་མི་གྲངས་ས་ཡ་༡༠༠ དང་ཏོག་ནད་རྐྱེན་པས་ཚེ་སྲོག་ཤོར་བའི་མི་གྲངས་ས་ཡ་༢ བརྒལ་བའི་སྐབས་སུ་ཐོན་ཡོད་པ་རེད། གྲུབ་དོན་སྙན་ཐོར་གཞིགས་ན་རྒྱལ་ཁབ་༩༨ ཁོངས་ནས་ཏོག་ནད་བཀག་འགོག་གི་ལས་དོན་ལ་གྲུབ་འབྲས་ཡག་ཤོས་ཐོན་མཁན་བཅུ་ནི། ནིའུ་ཛི་ལན་ཌ། ཝི་ཏི་ནམ། ཐའེ་ཝན། ཐའེ་ལན་ཌ། སའི་ཕར་སེ། རཱ་ཝན་ཌ། ཨཱ་སེ་ལན་ཌ། ཨོ་སི་ཀྲོ་ལི་ཡ། ལཱ་ཀྲི་ཝི་ཡ། སིང་གྷ་ལ་བཅས་བང་རིམ་བཞིན་རེད་འདུག དེ་ཡང་ཞིབ་འཇུག་རུ་ཁག་གིས་ཞིབ་འཇུག་དེའི་ནང་དུ་རྒྱ་ནག་བཅུག་མེད་པ་དང་། དེའི་རྒྱུ་མཚན་ནི་རྒྱ་ནག་ནང་དུ་མི་གྲངས་ག་ཚོད་ལ་ཏོག་དབྱིབས་ནད་དུག་གི་བརྟག་དཔྱད་བྱས་ཡོད་པའི་གྲངས་ཐོ་ཡོངས་གྲགས་སུ་མེད་རྐྱེན་ཡིན་སྐོར་བསྒྲགས་འདུག 

དེ་བཞིན་ཏོག་དབྱིབས་ནད་དུག་བཀག་འགོག་གི་ལས་དོན་གྲུབ་འབྲས་སྐྱོ་ཤོས་བཅུ་ནི། བྷེ་ར་ཛིལ། མེག་སི་ཁོ། ཁོ་ལོམ་བྷི་ཡ། ཨི་རན། ཨ་རི། བྷོ་ལི་ཝི་ཡ། པཱ་ན་མཱ། ཨོ་མན། ཆཱི་ལི། གྷོ་ཀྲི་མཱ་ལཱ་བཅས་བང་རིམ་བཞིན་རེད་འདུག བཙན་བྱོལ་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་རྒྱ་གར་ནི་ཨང་རིམ་༨༦ རེད་འདུག དེ་བཞིན་ཧྥ་རན་སི་ཨང་རིམ་༧༣ དང་བྷེལ་ཇེམ་༧༢། ནཱེ་ཐེར་ལན་ཌ་༧༥། བལ་ཡུལ་༧༠། དབྱིན་ཡུལ་༦༦། ཁེ་ན་ཌ་༦༡། སུད་སི་༥༣ སོགས་རེད་འདུག 

ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཚོས་ཏོག་དབྱིབས་ནད་དུག་བཀག་འགོག་གི་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོན་ཡོད་ཀྱང་། སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་དབྱིན་ཡུལ་སོགས་ཀྱིས་བཀག་འགོག་ལ་གྲུབ་འབྲས་ཡག་པོ་ཐོན་ཐུབ་མེད་པས། ཉམས་ཞིབ་ཁང་གིས་སྔོན་དཔག་དང་ཁྱབ་བསྒྲགས་བྱས་པ་ལྟར་མ་ཡིན་པར། དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་དང་ཆབ་སྲིད་ལམ་ལུགས་སོགས་ཀྱིས་ཏོག་དབྱིབས་ནད་དུག་བཀག་འགོག་གི་ལས་དོན་གྲུབ་འབྲས་ལ་ཤུགས་རྐྱེན་ཉུང་ཉུང་མ་གཏོགས་སྤྲད་ཐུབ་མེད་པ་དང་། སྤྱི་ཡོངས་ཆ་ནས་མི་འབོར་ཆུང་ཆུང་དང་། གཅིག་སྒྲིལ་དང་འཆམ་མཐུན་ལྡན་པའི་སྤྱི་ཚོགས། ནུས་པ་ལྡན་པའི་སྒྲིག་འཛུགས་ཁག་ལྡན་པའི་རྒྱལ་ཁབ་ཚོར་ནད་དུག་ཁྱབ་གདལ་ལྟ་བུའི་དཀའ་ངལ་ལ་གདོང་ལེན་བྱེད་པའི་ཁེ་ཕན་ཡོད་སྐོར་བརྗོད་འདུག 

ནིའུ་ཛི་ལན་ཌ་ལ་ད་བར་མི་གྲངས་༢༢༧༦ ལ་ཏོག་ནད་ཕོག་འདུག་པ་དང་། ཝི་ཏི་ནམ་ལ་མི་གྲངས་༡༥༤༨། ཐའེ་ཝན་ལ་༨༩༠ ལྷག་བྱུང་ཡོད་པ་རེད་འདུག 

ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་འགོ་བཙུགས་ཟིན་ཡོད་པ་དང་། མ་འོངས་པའི་གནས་སྟངས་ཡག་ཏུ་འགྲོ་བའི་རེ་བ་ཆེན་པོ་ཡོད་པ་རེད་དེ། ཨ་རི་གཙོས་པའི་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་ནང་གནས་སྟངས་ཛ་དྲག་མུ་མཐུད་གནས་བཞིན་ཡོད་ཁར། ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་བཀག་རྒྱ་བཏང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།