ནིའུ་ཛེ་ལན་ཌའི་གྲོས་ཚོགས་འོས་བསྡུ་ཕྱིར་འགྱངས་བྱས་འདུག
རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་གནས་ཚུལ་གསར་པ་བྱུང་བར་བརྟེན། ནིའུ་ཛེ་ལན་ཌའི་སྲིད་བློན་གྱིས་གྲོས་ཚོགས་འོས་བསྡུ་དེ་བདུན་ཕྲག་བཞི་རིང་ཕྱིར་འགྱངས་བྱས་འདུག་པ་དང་། དེ་ལས་མང་བ་ཕྱིར་འགྱངས་བྱེད་རྒྱུ་མིན་སྐོར་བརྗོད་འདུག
ནིའུ་ཛེ་ལན་ཌ་རྒྱལ་ཁབ་ནང་ཉི་མ་༡༠༢ རིང་རྒྱལ་ནང་དུ་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་གནས་ཚུལ་གཅིག་ཀྱང་ལྷག་མེད་པ་དང་། མི་མང་རྣམས་འཛམ་གླིང་རྒྱལ་ཁབ་གཞན་གྱི་མི་མང་དང་མི་འདྲ་བར། བཀག་འགོག་གང་ཡང་མེད་པར་ཉིན་རེའི་འཚོ་བ་སྐྱེལ་གྱི་ཡོད་པ་རེད་དེ། བདུན་ཕྲག་སྔོན་མར་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་ཤོས་ཨག་ལན་ཌ་ནང་དུ་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་གནས་ཚུལ་གསར་པ་ལྷག་ནས། ཟླ་༨ པའི་ཚེས་༡༢ ཉིན་གཞུང་གིས་ཉུང་མཐར་ཚེས་༢༦ བར་གྲོང་ཁྱེར་དེར་བཀག་འགོག་གི་རིམ་པ་གསུམ་པ་དང་། ས་གནས་གཞན་རྣམས་རིམ་པ་གཉིས་པ་སྲུང་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད་འདུག
འཆར་གཞི་ལྟར་བྱས་ན་ཟླ་༩ པའི་ཚེས་༡༩ ཉིན་རྒྱལ་ཁབ་དེའི་ནང་གྲོས་ཚོགས་ཀྱི་འོས་བསྡུ་གོ་སྒྲིག་བྱེད་གཏན་འཁེལ་ཡོད་ཀྱང་། ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་གནས་ཚུལ་གསར་པ་ལྷག་པར་བརྟེན། ཚེས་༡༧ ཉིན་རྒྱལ་ཁབ་དེའི་སྲིད་བློན་ལྕམ་ཇཱ་སིན་ཌ་ཨར་ཌེན་གྱིས་གསལ་བསྒྲགས་ཤིག་སྤེལ་ནས། གྲོས་ཚོགས་ཀྱི་འོས་བསྡུ་དེ་བདུན་ཕྲག་བཞི་ཡི་རིང་ཕྱིར་འགྱངས་བྱས་ཏེ། ཟླ་༡༠ པའི་ཚེས་༡༧ ཉིན་གོ་སྒྲིག་བྱེད་རྒྱུ་ཡིན་པ་དང་། དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུའི་ཚེས་གྲངས་གསར་པ་དེར། བདེ་འཇགས་ལྡན་པ་དང་མི་མང་གིས་མཉམ་ཞུགས་བྱེད་བདེ་བའི་འོས་བསྡུ་གོ་སྒྲིག་བྱེད་ཐུབ་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་པ། དེ་བཞིན་མི་མང་དང་འོས་མི་རྣམས་ལ་ཡང་དགོས་ངེས་ཀྱི་གནས་ཚུལ་དང་དྲིལ་བསྒྲགས་དུས་ཚོད་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ནིའུ་ཛེ་ལན་ཌ་ཡི་ཁྲིམས་ནང་དུ་ཟླ་༡༡ པའི་ཚེས་༢༡ སྔོན་དུ་འོས་བསྡུ་གོ་སྒྲིག་བྱས་ཟིན་པ་དགོས་ཀྱི་ཡོད་འདུག་པ་དང་། ཕྱོགས་འགལ་ཚོགས་པ་གཙོ་བོ་རྒྱལ་ཡོངས་སྲིད་དོན་ཚོགས་པས་དེ་སྔོན་ནས་ཟླ་༡༡ བར་འོས་བསྡུ་ཕྱིར་འགྱངས་བྱེད་པའི་དགོས་འདུན་བཏོན་ཡོད་པ་དང་། ཏོག་དབྱིབས་ནད་དུག་འགོས་ཁྱབ་ལ་བརྟེན་ནས་དྲིལ་བསྒྲགས་ལས་འགུལ་མཚམས་འཇོག་བྱེད་དགོས་ཁེལ་ཡོད་པས། ལས་ཁུར་སྲིད་བློན་གྱིས་ནད་དུག་འགོས་ཁྱབ་བེད་སྤྱད་ནས། སོ་སོར་རྒྱབ་སྐྱོར་མང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག འོན་ཀྱང་སྲིད་བློན་ཁོང་གིས་སྲིད་དོན་ཚོགས་པ་ཚང་མ་ཁོར་ཡུག་དང་གནས་སྟངས་གཅིག་པའི་འོག་ནས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་ཡོད་པས། གནས་སྟངས་གཅིག་མཚུངས་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།