ནིའུ་ཡོག་གུ་རུའི་དུས་དྲན་གྱི་མྱོང་ཚོར།

རྫ་ཚེ་རིང་བཀྲ་ཤིས།

བླ་མ་ལ་ཕྱག་འཚལ་ལོ། །

༡༽    ཨ་རིར་ཕྱིན་པའི་དམིགས་ཡུལ།

སྤྱིར་བཏང་ང་ཐེངས་འདིར་ཨ་རིར་ཕྱིན་པའི་དམིགས་ཡུལ་ནི་༧སྐྱབས་རྗེ་མགར་ཆེན་རིན་པོ་མཇལ་བའི་ཆེད་ཡིན། ནིའུ་ཡོག་སྔ་འགྱུར་རྙིང་མའི་ཚོགས་པའི་སྐོར་དང་། ཁོང་རྣམ་པས་འདི་ལོར་སྤྲེལ་ཟླའི་ཚེས་བཅུར་གུ་རུའི་རྗེས་དྲན་གྱི་མཛད་སྒོ་ཆེན་པོ་ཞིག་སྤེལ་བཞིན་ཡོད་པ་སོགས་དེ་བས་ཀྱང་ཤེས་རྟོགས་མེད། ང་ནིའུ་ཡོག་ཏུ་འགྲོ་འདོད་པའི་དམིགས་ཡུལ་གཙོ་བོ་ནི་རང་དབང་ལྷ་མོ་སོགས་འགྲོ་བ་མིའི་དེང་དུས་རིག་གནས་ཀྱི་འབྱུང་གནས་དང་། ཨ་རིའི་ནུས་སྟོབས་ཀྱི་མཚོན་རྟགས་ལྟ་བུར་གྱུར་པའི་ས་ཆ་དེ་ཚོར་མིག་གི་ལྟ་ཙམ་འདོད་པ་དེ་ཡིན།

ཡིན་ན་ཡང་། སྔ་འགྱུར་རྙིང་མའི་ཚོགས་པའི་རྒྱུན་ལས་ཚོས་ང་ས་ཆ་དེར་ཡོང་གིན་ཡོད་པ་གོ་བ་དང་། མཁན་པོ་གྲགས་པ་ཡེ་ཤེས་བརྒྱུད་ནས་རྗེས་དྲན་ཚོགས་ཆེན་དེར་མཉམ་ཞུགས་ཐུབ་ན་ཡག་པོ་འདུག་ཅེས་གསུངས། ཁོང་ཚོས་ང་ངོ་ཤེས་པ་ནི་རོང་ཟོམ་བརྙན་འཕྲིན་དང་། ཡང་ན་ངའི་ངོ་དེབ་དང་རྩོམ་ཡིག་དག་བརྒྱུད་ནས་རེད།

༢༽    རྟེན་འབྲེལ་བཟང་པོའི་མཉམ་ཞུགས།

ང་ལ་མཚོན་ན། ཨ་རིར་འགྲོ་ཞོར་དུ་ཨོ་རྒྱན་རིན་པོ་ཆེའི་རྗེས་དྲན་གྱི་མཛད་སྒོ་དེ་འདྲ་ཞིག་ལ་མཉམ་ཞུགས་ཐུབ་པ་བྱུང་བ་ནི་རྟེན་འབྲེལ་བཟང་པོ་ཞིག་ཡིན་ངེས་པས་ཁོང་རྣམ་པའི་མགྲོན་འབོད་ལ་སྤྲོ་བཞིན་དུ་དང་ལེན་ཞུས། ད་དུང་མཉམ་ཞུགས་དེའི་ཆེད་དུ་ཨོ་གླིང་དུ་ཕྱིར་ལོག་རྒྱུའི་གནམ་གྲུའི་དུས་ཚོད་ཀྱང་ཕར་འགྱངས་བྱས་པ་ཡིན།

ཁོང་རྣམ་པས་ང་ལ་ཆེ་མཐོང་གི་སྣེ་ལེན་གནང་ཞིང་། སྤྱི་ལོ་༢༠༢༣ ཟླ་ ༧ ཚེས་ ༡ དང་༢ སྟེ་ཉིན་གཉིས་ཀྱི་རིང་ལ་འཚོགས་རྒྱུ་ཡིན་པ་དང་། ཉིན་དང་པོར་གུ་རུ་རིན་པོ་ཆེ་དང་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་འདིའི་བར་གྱི་འབྲེལ་བའི་སྐོར་ལ་གཏམ་བཤད་དང་། ཉིན་གཉིས་པར་ཨོ་རྒྱན་ཆེན་པོའི་གསང་གསུམ་གྱི་ཆེ་བ་ལས་འཕྲོས་པའི་གཏམ་བཤད་ཅུང་ཟད་རྒྱས་པ་ཞིག་དགོས་པའི་བཀའ་གནང་བྱུང་། གནས་དུས་སྟོན་འཁོར་གང་གི་ངོས་ནས་ཀྱང་བརྗོད་གཞི་དེ་འདྲ་ཞིག་གི་ཐོག་སྐད་ཆ་བཤད་རྒྱུ་བྱུང་བ་དེར་ང་ལ་དགའ་ཚོར་ཆེན་པོ་བྱུང་།
མཛད་སྒོ་དེར་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དབུ་འཛིན་༧སྐྱབས་རྗེ་གྱང་ཁང་མཁན་སྤྲུལ་རིན་པོ་ཆེ་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་འདུག་ལ། བོད་དང་འབྲུག་པ་བལ་པོ་བཅས་ཀྱི་གཞུང་ཕྱོགས་ཀྱི་སྐུ་ཚབ་རྣམ་པ་དམིགས་བསལ་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་གདན་འདྲེན་ཞུས་འདུག །
ས་གནས་དེའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཤར་པ་སོགས་ཀྱི་ཚོགས་པ་ཁག་གི་སྐུ་ཚབ་གཙོས་པའི་ཁྱོན་མི་མང་དྲུག་བརྒྱ་བདུན་བརྒྱ་ཙམ་ཞིག་འཛོམས་ཡོད་ཅིང་། མཛད་སྒོ་ཚུགས་ཡུལ་ནི་ནིའུ་ཡོག་བོད་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ནང་རེད།

༣༽    ཤ་ཞེན་ཅན་གྱི་ཞབས་ཏོག་པ།

ང་ལ་དམིགས་བསལ་དོ་སྣང་བྱུང་བ་ཞིག་ནི། ནིའུ་ཡོག་སྔ་འགྱུར་རྙིང་མའི་ཚོགས་པ་དེའི་ཚོགས་གཙོ་དང་ཚོགས་གཞོན་རྒྱུན་ལས་སོགས་ཀྱང་འབྲུག་པ་དང་བོད་པ། སྤི་ཏི་དང་ཡོལ་མོ་སོགས་ཧི་མ་ལ་ཡའི་ལྗོངས་ཀྱི་སྐྱ་སེར་ཐུན་མོང་གིས་འཛིན་སྐྱོང་གནང་བཞིན་འདུག་པ་དེ་རེད།
ད་ལྟ་དངོས་སུ་དགོན་པའི་ཁོར་ཡུག་ཏུ་མེད་པ་མང་པོ་ཞིག་གིས་ཀྱང་སོ་སོའི་བླ་མ་དང་དགོན་པ་ཆོས་བརྒྱུད་བཅས་ལ་ལྷག་བསམ་དང་ཤ་ཞེན་གྱིས་རང་རང་གི་དགོན་པ་དང་ཆོས་བརྒྱུད་ཀྱི་ཆེད་དུ་ཞབས་ཏོག་ཞུ་བཞིན་འདུག །འདི་དག་ནི་དོན་དངོས་ཐོག་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་རེད། ཨ་རི་དང་ཡོ་རོབ་ཏུ་ཡོད་པའི་རྫོང་སར་བཤད་གྲྭའི་གྲྭ་ཟུར་གྱི་ཚོགས་པ་ཞིག་གིས་ཀྱང་ལོ་རྟག་པར་མཁན་ཆེན་ཀུན་དགའ་དབང་ཕྱུག་གི་འདས་མཆོད་སྐབས་ཆེད་དུ་ཐུན་མོང་གིས་ཞལ་འདེབས་ཕུལ་ནས་མཉམ་ཞུགས་གནང་བཞིན་པ་དང་། དགེ་ལུགས་པའི་གདན་ས་ཁག་གི་གྲྭ་ཟུར་མང་པོ་ཞིག་གིས་ཀྱང་སོ་སོའི་གྲྭ་ས་དང་ཁམས་ཚན་ལ་དམིགས་བསལ་རོགས་པ་བྱེད་པར་མ་ཟད། གྲྭ་ཚང་རིན་པོ་ཆེ་ཞེས་སེམས་ཐག་ཉེ་བའི་འབྲེལ་ལམ་རྒྱུན་སྐྱོང་བྱེད་བཞིན་པ་མཐོང་མྱོང་། ད་དུང་ས་སྐྱའི་ཡོ་རོབ་སོགས་སུ་ལོ་རེའི་དཔལ་ས་སྐྱའི་སྨོན་ལམ་སོགས་ཀྱང་ས་ཆ་དེར་ཡོད་པའི་གྲྭ་ཟུར་དག་གིས་འགན་ཆེ་ཤོས་ལེན་བཞིན་པ་ལྟ་བུར་མཐོང་བྱུང་། དེ་ཚང་མ་ཆོས་ཕྱོགས་ཀྱི་དམ་ཚིག་དང་། མི་ཆོས་ཀྱི་ཕྱི་ཐག་གཉིས་ཆར་གྱི་ངོས་ནས་ཧ་ཅང་གལ་ཆེན་དུ་མཐོང་།
ཆ་ལུགས་དང་སྤྱོད་ལམ་གང་འདྲ་ཡིན་མིན་ལ་མ་ལྟོས་པར་མུ་མཐུད་ཆོས་དང་རིག་གཞུང་མི་རིགས་དང་བཅས་པར་ཕན་ཐོགས་པའི་མི་ཞིག་བྱ་རྒྱུའི་གོ་སྐབས་དང་ནུས་པ་དེ་ཚང་མར་ཡོད་པ་ཞིག་རེད། རང་ཉིད་སྔ་འགྱུར་རྙིང་མ་ཞིག་ཡིན་པའི་ངོས་ནས་ནི་དེ་བས་ཀྱང་། ནིའུ་ཡོག་ཏུ་ཡོད་པའི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་དུ་གཏོགས་པའི་དད་འབངས་མང་པོ་ཞིག་གིས་རང་ཉིད་གུ་རུ་པདྨའི་རྗེས་འཇུག་ཁྱད་པར་བ་ཞིག་ཡིན་པའི་སྤོབས་པ་ཁུར་ནས་ཁྱོན་ཡོངས་ལ་མཉམ་ཞུགས་གནང་བཞིན་འདུག་དེར་སེམས་ལ་དགའ་ཚོར་དམིགས་བསལ་བ་ཞིག་བྱུང་།

༤༽   གལ་འགངས་ཆེ་བའི་ལས་རིམ།

གུ་རུ་པདྨའི་རྗེས་དྲན་གྱི་དངོས་གཞིའི་ཚོགས་མཆོད་ལ་ཉིན་གཅིག་ལས་མེད་ན་ཡང་། གཏོར་མ་སོགས་རྒྱ་གར་གྱི་དགོན་པ་ཆེན་པོ་དག་གི་སྒྲུབ་ཆེན་གྱི་སྐབས་སུའང་འཁྱོངས་དཀའ་བ་དེ་འདྲ་བཟོས་འདུག །གོ་ཐོས་སུ་ལོ་སྔ་མར་སྨིན་གླིང་མཁན་ཆེན་རིན་པོ་ཆེ་ཕེབས་སྐབས་ང་ཚོས་ནམ་རྒྱུན་དུས་མཆོད་ཆེན་པོ་དེ་འདྲར་ཡང་འདི་འདྲའི་གཏོར་མ་བཅའ་ཐུབ་ཁག་པོ་ཡོད། ཁྱེད་ཚོས་སོ་སོས་དང་བླངས་ཀྱིས་འདི་འདྲ་ཞིག་བཟོ་ཐུབ་པ་དེ་ངོ་མཚར་ཆེན་པོ་རེད་ཅེས་བསྔགས་བརྗོད་གནང་བ་ཐོས།

ནམ་རྒྱུན་གྱི་བསམ་བློ་གཏོང་སྟངས་བྱས་ན། མར་ཚོན་གྱི་རྒྱས་སྤྲོས་ཡོད་པའི་གཏོར་མ་ཆེན་པོ་བཅས་ཡོད་པ་དེ་གླེང་རིན་ཡོད་པ་ཞིག་མིན་སྲིད་མོད། ཨ་རིའི་ནིའུ་ཡོག་ལྟ་བུའི་བྲེལ་བ་ཆེ་བའི་ས་ཆ་ཞིག་ནས་བདུན་ཕྲག་མང་པོའི་དུས་ཚོད་དང་། བཅའ་བཟོ་བྱ་ཡུལ་གྱི་ཁང་པ་སོགས་བེད་སྤྱད་ནས་ཁེ་མེད་ཀྱི་ལས་ཀ་དེ་འདྲ་ཞིག་བྱེད་པ་ནི་རྒྱ་བལ་འབྲུག་གསུམ་དང་བོད་ནང་གི་གནས་བབས་ཀྱིས་བསམ་བློ་གཏོང་ཆོག་པ་ཞིག་གཏན་ནས་མིན། ཁོང་ཚོར་ཡང་མང་པོ་ཞིག་ནི་ནང་མི་བུ་ཕྲུག་ཡོད་པའི་གྲོང་སྔགས་པ་ཡིན་ཞིང་། ཉིན་རེའི་གླ་ཆར་བརྟེན་ནས་ནང་མིའི་ཁ་གསོ་རྒྱབ་འགེབས་གནང་དགོས་མཁན་གྱི་མི་མང་དཀྱུས་མ་ཡིན།
ད་དུང་བོད་དང་འབྲུག་པ། ཤར་པ་དང་ཡོལ་མོ་སོགས་ཀྱི་གཞོན་སྐྱེས་ཚོས་ཀྱང་གླུ་བཞས་ཞབས་བྲོ་སོགས་རིག་གཞུང་འཁྲབ་སྟོན་གྱི་ལས་རིམ་གང་ལེགས་གྲྭ་སྒྲིག་ཞུས་འདུག །དེང་སང་གི་དུས་འདིར་ཕྱི་རྒྱལ་ལུང་པར་མཚོན་ན་མཛད་སྒོ་གང་འདྲ་ཞིག་ཡིན་ཡང་། རྣམ་པ་གསར་པ་དང་། རྣམ་གྲངས་འདྲ་མིན། མདོར་ན། གཞོན་སྐྱེས་དང་ཕྲུ་གུ་དག་གིས་དགའ་མོས་བྱེད་པའི་ལས་རིམ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན། འདི་ནི་ང་ཚོའི་སྲོལ་རྒྱུན་གྱི་དད་མོས་དང་རིག་གཞུང་འདི་ཁོང་ཚོར་བརྒྱུད་སྤྲོད་བྱ་རྒྱུར་གལ་འགང་ཧ་ཅང་ཆེན་པོ་ཞིག་ཡིན།

༥༽     རྩ་བ་གཅིག་གི་བཟང་ཆ།

རྒྱ་དང་དབྱིན་ཇི་སོགས་དང་མཉམ་དུ་ནི་ཆོ་ག་ཐུང་ཐུང་ཞིག་འདོན་དགོས་ན་ཡང་དཀའ་ངལ་ཡོད་མོད། ཁོང་རྣམ་པ་ནི་སྐྱ་སེར་དབྱེ་བ་མེད་པར་ཆོ་ག་རྒྱས་པ་ཞིག་གཏོང་རྒྱུར་ཡང་བྱང་ཆ་ལྡན་པ་དང་ཆེད་ལས་ཀྱི་རང་བཞིན་ལྡན་པའི་ཐོག་ནས་འགྲོ་ཐུབ་པ་འདི་ང་ཚོའི་ཡུལ་སྐད་མི་འདྲ་བ་ཙམ་ལས་རྩ་བ་གཅིག་ལ་རྟེན་པའི་ཐུན་མོང་གི་བཟང་ཆ་ཞིག་ཡོད་པ་མཚོན་གྱི་ཡོད།

དེ་དང་མཉམ་དུ་དེང་དུས་དང་མཐུན་པའི་སྤྲོ་བ་འདྲེན་པའི་བཞས་སྣ་འཁྲབ་སྟོན་སོགས་ཀྱི་ལས་རིམ་དང་། དམིགས་བསལ་སྐུ་མགྲོན་དང་ས་གནས་གཞུང་གི་གནད་ཡོད་མི་སྣའི་རྒྱབ་སྐྱོར་གྱི་གཏམ་བཤད་སོགས་ཀྱང་། ས་གནས་དེར་ཡུན་རིང་པོའི་ལས་དོན་བྱེད་པར་མེད་དུ་མི་རུང་བའི་གལ་ཆེན་གྱི་ལས་རིམ་ཤ་སྟག་རེད། དེ་ན་འདོན་པ་རྐྱང་པ་དང་རོལ་རྩེད་རྐྱང་པ་མ་ཡིན་པའི་ཆ་མཉམ་ཞིང་ཕྱོགས་སུ་མ་ལྷུང་བའི་གོ་སྒྲིག་འདིས་གནའ་དེང་གཉིས་དང་རྒན་གཞོན་གཉིས་ཀྱི་དགོས་མཁོ་ལ་ཕྱོགས་ཡོངས་ནས་དགོངས་པ་བཞེས་ཐུབ་འདུག་སྙམ་པའི་མཐོང་ཚུལ་བྱུང་།  
ད་དུང་ནམ་རྒྱུན་ཁྲོས་མ་ཚོགས་པ་དང་མཉམ་དུ་གཅོད་གཏོང་མཁན་དང་། དེ་བཞིན་གཡས་གཡོན་གྱི་ཆོས་ཚོགས་ཁག་ཏུ་ཕེབས་ནས་འབུམ་ལྔ་གསོག་མཁན་དང་། རྩེ་གཅིག་ཏུ་ནང་ཆོས་ལ་དད་པ་བྱེད་མཁན་མང་པོ་ཞིག་དང་མཇལ་བྱུང་། ཁོང་རྣམ་པ་མང་པོ་ཞིག་མཚམས་དང་བསྙེན་སྒྲུབ་སོགས་ཡག་པོ་གནང་ཟིན་པ་དང་། བླ་མ་ཚད་ལྡན་བསྟེན་མྱོང་མཁན་རེད་འདུག །ད་དུང་ང་ཚོ་༧སྐྱབས་རྗེ་གྱང་ཁང་རིན་པོ་ཆེ་ཕེབས་བསུའི་བང་བསྒྲིགས་བཞིན་པའི་སྐབས་སུ་སྔགས་པ་དགྲེས་སོང་ཞིག་མཇལ་ཞིང་ལམ་ཁ་ནས་ཁ་བརྡ་ཐུང་ཐུང་ཞིག་བྱས།

༦༽   བྱ་བྲལ་སློབ་མ་སྔགས་པ་ཞིག །

ཁོང་ཕ་ཡུལ་ཡིད་ལྷུང་ཡིན་པ་དང་། རྫོགས་ཆེན་ཐུབ་བསྟན་ཆོས་རྡོར་གྱི་ཡང་ཚ་ཡིན་པར་མ་ཟད། རྒྱལ་རོང་ནམ་སྤྲུལ་འགྲོ་འདུལ་གར་གྱི་རྡོ་རྗེའི་ཞལ་མཇལ་གསུང་ཐོས་མྱོང་བ་ཞིག་རེད།

ཕར་བལྟས་ཚོད་དགུང་ལོ་དྲུག་ཅུ་རེ་སྟོད་ཙམ་ཞིག་ལ། ཡིན་རྒྱུ་ནི་དགུང་ལོ་བརྒྱད་ཅུ་ཟིན་འདུག །ཁོང་གིས་ང་ལ་སྤྱི་ཚོགས་རྙིང་པར་རབ་ཏུ་བྱུང་ཡང་། རང་ལོ་བཅུ་དྲུག་ཐོག་བོད་དང་ཁ་བྲལ་ཞིང་ཕྱིས་སུ་ཁྱིམ་ཐབ་འཛིན་དགོས་བྱུང་། རྗེས་མ་བྱ་བྲལ་རིན་པོ་ཆེའི་མདུན་ནས་རྫོགས་ཆེན་གྱི་ཁྲིད་ཁ་ཞུས་ནས་ཁོང་གིས་ང་ལ་གཟན་དཀར་འདི་གོན་དགོས་པའི་བཀའ་གནང་བྱུང་། ངས་ང་ལ་སྔགས་པའི་མཚན་ཉིད་མི་ལྡན་ཞུས་ཀྱང་མ་ཎི་ཡང་སྔགས་རེད། མ་ཎི་བཏོན་ནས་ཀྱང་སྔགས་པ་ཆགས་ཆོག་གི་རེད་གསུངས་བྱུང་ཟེར། མ་ཎི་ལ་ཡི་དམ་དུ་བྱེད་ཅིང་། མཚམས་སྒྲུབ་ཀྱང་ཡུན་རིང་བྱས་འདུག །ཁོང་ད་ལྟ་བུ་དང་བུ་མོ་སོགས་ནང་མི་གཞན་དག་དང་མཉམ་དུ་ཨ་རིར་གཞིས་ཆགས་འདུག །

བཀའ་མོལ་ཐུང་ངུ་དེ་བརྒྱུད་ནས་ཁོང་གིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་ན་ཡང་། ངའི་ཡིག་ཐུང་འདིར་ངའི་སེམས་གཏིང་གི་ཚོར་བ་དེ་གསོན་ཉམས་ལྡན་པ་ཞིག་མཚོན་ཐུབ་མ་སོང་། གང་ལྟར་ཁོང་གི་ཞལ་རས་ལས་ཁོང་ནི་མི་ཚེའི་ནང་གི་འཚོ་བ་དང་ཉམས་མྱོང་མང་པོ་ཞིག་བརྒྱུད་ཟིན་ན་ཡང་། སེམས་གཏིང་ན་ཡོད་པའི་ཆོས་ཀྱི་ཉམས་ལེན་དེར་ཁྱད་པར་ཕྱིན་མེད་པ་དང་། མཚན་ལྡན་གྱི་བླ་མ་བསྟེན་ནས་བླ་མའི་གསུང་བཞིན་སྒྲུབ་པ་ཉམས་ལེན་གྱིས་ཚེ་འཇུག་སྐྱེལ་བཞིན་པ་ཞིག་ཏུ་མཇལ་བྱུང་། ཚང་མ་དེ་འདྲ་ཡིན་པའི་ངེས་པ་ནི་རབ་སྔགས་སུ་ལའང་མེད་མོད། གང་ལྟར་ཁོང་གི་ན་བཟའ་དེའི་ཕག་ནས་ངས་བླ་མའི་བཀའ་བཞིན་ཉམ་ཆུང་གིས་ཆོས་ལ་ནན་ཏན་བྱེད་པའི་ཆོས་པ་ཞིག་གི་གྲིབ་གཟུགས་མཇལ་བྱུང་། ལར་ནས་ཉམ་ཆུང་གི་གྲོང་སྔགས་པ་དེ་ཚོའི་ཐོག་ནས་ཤ་འདྲེས་པགས་འདྲེས་སུ་གྱུར་པ་ལྟ་བུའི་དད་མོས་གཤའ་མ་དེ་ཚོ་མཇལ་སྐབས་ཆོས་ངོ་མ་དེ་དེ་འདྲ་ཞིག་ཡིན་སྲིད་དམ་སྙམ་དུ་རང་གིས་རང་ལ་འདྲི་དགོས་པའང་ཡང་ཡང་ཡོང་གིན་ཡོད།

༧༽    བློ་ཡིད་ཚིམ་པའི་མཐོང་སྣང་།

ཁོང་ཚོ་གྲལ་འགྲིགས་པའི་ཆོས་གོས་མནབས་མཁན་མིན་ཞིང་། འདུལ་འཛིན་དང་སྡོམ་བརྩོན་གྱི་ཆོ་ལོ་མི་ཐོབ་ན་ཡང་། མི་ཚེའི་དུས་ཚོད་མང་པོ་ཞིག་ཆོས་ཕྱོགས་སུ་གཏོང་བཞིན་པ་དང་། ནང་མི་དག་ལ་ཆོས་ཀྱི་བག་ཆགས་ཐུན་མོང་མ་ཡིན་པ་ཞིག་འཇོག་བཞིན་པ་དེར་ངས་སྔར་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། རང་ཉིད་སྔ་འགྱུར་བསྟན་པའི་ལྷག་ཞབས་སུ་སྐྱེས་པ་ཞིག་ཡིན་པའི་སྤོབས་པ་དང་། གུ་རུ་རིན་པོ་ཆེ་ལ་ལྷག་ཏུ་དད་ཞེན་བྱེད་པའི་བསམ་བློ་ཞིག་ཁོང་ཚོའི་འཚོ་བའི་རིག་གཞུང་གི་ཆ་ཤས་སུ་གྲུབ་འདུག །ང་ལ་མཚོན་ན། འདི་དག་ནི་ཡིད་ཧ་ཅང་ཚིམ་ཤོས་ཀྱི་མཐོང་སྣང་ཞིག་ཡིན། འདི་ནི་ཆོས་ཕྱོགས་ཀྱི་བཤད་སྟངས་བྱས་ན། ལེགས་ཚོགས་རྟེན་འབྲེལ་ཐམས་ཅད་ཀྱི་རྩ་བ་ཞིག་ཅིས་ཀྱང་ཡིན་ས་རེད། ང་ནི་ཆོས་ལུགས་གཞན་ལ་དག་སྣང་དང་རྩི་བཀུར་གང་ནུས་ཀྱིས་ཞུ་མཁན་ཞིག་ཡིན་ན་ཡང་། རང་གི་མེ་ཏོག་ཕོག་པའི་ལྷ་སྐལ་ལ་འཛིན་པའི་ཐུན་མིན་གྱི་དད་ཞེན་དེ་དགོས་ངེས་ཤིག་ཏུ་མཐོང་གིན་ཡོད།

༨༽    ཐུན་མོང་གིས་མཉམ་ལས་བྱེད་པ།

ད་དུང་ཁོང་ཚོས་རབ་སྔགས་ཀྱི་དབྱེ་བ་དང་བལ་བོད་ཀྱི་ས་མཚམས་མེད་པར་ཚང་མས་རྒྱུ་ཡོད་ཀྱི་རྒྱུ་དང་ཤུགས་ཡོད་ཀྱི་ཤུགས་བཏོན་ནས་མཉམ་དུ་ལས་ཀ་བྱེད་བཞིན་འདུག །“རིག་གཞུང་རིག་གཞུང་གི་ངོ་བོའི་ཐོག་ནས་རྒྱལ་མཚམས་མེད་པའི་འཁོར་སྐྱོད་དགོས་པ་དེ་ང་ལ་ཡོད་པའི་ཡུན་རིང་པོའི་ལྟ་གྲུབ་ཅིག་ཡིན། ལོ་བཅོ་ལྔ་ལྷག་གི་སྔོན་ཞིག་ལ་ངས་ཁ་བྱང་འདི་སྤྱད་ནས་རྩོམ་ཡིག་རིང་པོ་ཞིག་ཀྱང་འབྲི་མྱོང་ཡོད། ང་ཚོའི་ཧི་མ་ལ་ཡའི་ལྗོངས་ཀྱི་རིག་གཞུང་གཅིག་པ་རྣམས་ཀྱིས་འདི་ལྟར་མཉམ་དུ་ཐུན་མོང་རྟེན་གཞི་ཞིག་རྙེད་ཀྱིན་ཡོད་པ་དེ་ནི་ཧ་ཅང་དགའ་འོས་པ་ཞིག་རེད། ང་ཚོ་རྒྱ་བལ་དུ་ཡོད་དུས་ཁ་ཁ་སོ་སོ་ཡིན་པ་ལྟར་སྣང་མོད། ནུབ་ཕྱོགས་ཀྱི་ལུང་བར་བསླེབས་ཚར་དུས་ཆོས་དང་རིག་གཞུང་གོམས་གཤིས་དང་དགའ་མོས། ལོ་རྒྱུས་དང་ཤ་ཁྲག་ཚང་མ་ཧ་ཅང་ཁ་ཐག་ཉེ་བོ་ཡིན་པ་དེ་ང་ཚོར་ཁ་ཇེ་གསལ་དུ་འགྲོ་བཞིན་ཡོད། མ་ཟད་ངེས་གཏན་མེད་པའི་དུས་ཚོད་ཀྱི་འགྱུར་བའི་ཁྲོད་ནས་རང་གི་ངོ་རྟགས་མུ་མཐུད་གནས་དགོས་ན་ང་ཚོ་གཅིག་ལ་གཅིག་བརྟེན་གྱིས་གནས་ཐུབ་དགོས་པ་འདི་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད། འདིའི་སྐོར་ལ་ང་ཚོས་དུས་ཚོད་དེ་ལས་མང་ཙམ་བཏང་ནས་བསམ་བློ་བཏང་ནས་སྐད་ཆ་བཤད་དགོས་པ་ཞིག་ཆགས་ཡོད།
ང་རང་ཉིད་ཐའེ་ཝན་དུ་ཡོད་སྐབས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་སུ་ལས་ཀ་བྱས་ཤིང་ད་ལྟའི་བར་དུ་ཚོགས་པ་དེའི་ཆ་ཤས་སུ་བསྡད་ཡོད། ཚོགས་པ་དེའི་དམིགས་ཡུལ་ཡང་བོད་བརྒྱུད་ནང་བསྟན་འདི་བོད་པ་གཅིག་པུའི་དགོས་ཆོས་ཙམ་མ་ཡིན་པར་ཁྱོན་ཡོངས་ནས་ས་གནས་དེའི་གནས་བབ་དང་འཚམས་པའི་ཐོག་ནས་ཐུན་མོང་དུ་ལས་ཀ་འགའ་ཞིག་བྱ་རྒྱུ་དེ་རེད།

ནིའུ་ཡོག་ནི་འཁྲུགས་ཆ་དོད་པའི་ས་ཁུལ་ཞིག་ཡིན་ཞིང་། དེར་ཆབ་སྲིད་དང་མཐེན་འཁྱེར་གྱི་རླུང་འཚུབས་ཀྱང་ཡང་ཡང་ལྡངས་མཚམས་བཞག་མི་འདུག་མོད། སྔ་འགྱུར་རྙིང་མའི་ཚོགས་པ་དེའི་རྒྱུན་ལས་དེ་དག་གིས་འཐེན་འཁྱེར་མེད་པའི་ལས་ཀ་ཡག་པོ་ཞིག་གནང་བཞིན་པའི་མཐོང་ཚུལ་བྱུང་། ངས་ཁོང་ཚོའི་འབྱུང་འགྱུར་གྱི་ལས་ཀ་ཚང་མ་ཡག་པོ་ཡོང་ངེས་ཡིན་པའི་ལུང་སྟོན་ཤོད་ཀྱི་མེད་ན་ཡང་། ད་ལྟའི་ཆར་ཁོང་རྣམ་པས་གནང་བཞིན་པའི་ཕྱག་ལས་དང་། གནང་མཁན་གྱི་གྲུབ་ཆ་སོགས་དངོས་གནས་དེ་འདྲ་རེད་འདུག །

ནམ་རྒྱུན་ས་གནས་དེར་མཛད་སྒོ་མང་པོ་ཞིག་ནི་བོད་པ་དང་འབྲུག་པ་སོགས་སོ་སོས་ལས་ཀ་བྱེད་བཞིན་པ་ཙམ་ཞིག་རེད། ཐེངས་འདིར་ས་གནས་བོད་པའི་ཚོགས་ཁང་དུ་དམིགས་བསལ་སྐུ་མགྲོན་དང་གར་སྟེགས་ཐོག་གི་འཁྲབ་སྟོན་པ་ནས་ཐབ་ཚང་ནང་གི་མ་བྱན་ཚུན་ཆད་བོད་དང་འབྲུག་པ་བལ་ཡུལ་བཅས་ཀྱི་མི་མང་རྒན་དར་གཞོན་གསུམ་ཚང་མས་ཁུར་མཉམ་ལེན་བྱེད་བཞིན་འདུག །སྡིང་ཆའི་ཐོག་ཏུའང་འབྲུག་པ་དང་ཤར་པ་སོགས་ཧི་མ་ལའི་རིག་གཞུང་གཅིག་པ་མང་པོ་ཞིག་རང་ཉིད་གུ་རུ་པདྨ་འབྱུང་གནས་ཀྱི་རྗེས་འཇུག་རྣལ་མ་ཞིག་ཡིན་པའི་ཐུན་མིན་གྱི་དམ་ཚིག་གི་འབྲེལ་བ་གཞིར་བཟུང་གིས་བཛྲ་གུ་རུའི་ཛབ་དབྱངས་དང་མཆོག་གསུམ་ལ་བསྟོད་པའི་གླུ་དབྱངས་ལེན་བཞིན་འདུག །
༩༽    རིན་ཐང་དང་དགོས་མཁོ།

ཉིན་མོར་ལས་ཀ་འགྲོ་བཞིན། ནང་མི་དང་བུ་ཕྲུག་སྐྱོང་བཞིན། གཏོར་མ་བཅའ་ཤེས། རོལ་མོ་རྡུང་ཤེས། ཚོགས་གླུ་ལེན་ཤེས་པ་འདིའང་ས་ཆ་འདིར་མཚོན་ན་ཧ་ཅང་གི་རིན་ཐང་དང་དགོས་མཁོ་གཉིས་ཆར་ཡོད་པ་ཞིག་རེད། ནམ་རྒྱུན་ང་ཚོས་མཚན་ཉིད་ཀྱི་བཤད་གྲྭ་ཚོས་སྐྱ་མིན་སེར་མིན་དང་ཆབ་བེ་ཆོབ་བེ་སོགས་ཀྱི་ལྟ་སྟངས་ཡོད་ན་ཡང་། ངས་ཅིག་བྱས་ན་ད་ལྟའི་ཆར་ཁོང་ཚོ་ནི་ཉིན་རེའི་འཚོ་བ་དང་བར་ཐག་ཉེ་ཤོས་ཀྱི་ཆོས་ཀྱི་རིག་གནས་ཞིག་གི་སྣང་ཚུལ་དུ་འགྱུར་གྱིན་འདུག་སྙམ།

དུས་སྐབས་མང་པོ་ཞིག་ཏུ། ཁྱིམ་བཙུན་དང་གྲོང་སྔགས་པ་ཚོས་རང་གི་ནང་མི་བུ་ཕྲུག་དང་ཁྱིམ་ཚང་གི་ཁ་འཛིན་སོགས་འཇིག་རྟེན་གྱི་དཀའ་ངལ་མང་པོ་ཞིག་གདོང་ལེན་དགོས་པས་བསྟན་པའི་ཞབས་ཏོག་དང་ཐོས་བསམ་སོགས་རབ་བྱུང་ནང་བཞིན་ཡོང་གིན་མེད། ཕྱིའི་མཐོང་སྣང་ལའང་རབ་བྱུང་བ་ནང་བཞིན་ཞིབ་ཚགས་པའི་སྒྲིག་འཛུགས་ཀྱི་ཁོངས་སུ་གནས་ཐུབ་ཀྱི་མེད། དེའི་ཆ་ནས་དད་ལྡན་པའི་ཡིད་སེམས་འགུག་པའི་ནུས་པའང་རབ་བྱུང་ནང་བཞིན་མེད་པས། རབ་ཏུ་བྱུང་བར་བསྟན་པའི་རྩ་བ་ཞེས་བསྔགས་པའང་དོན་ལ་གནས་པ་ཞིག་རེད།

ཡིན་ན་ཡང་། ད་ལྟའི་དུས་འདིར་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ནམ། དུས་ཚོད་ཀྱི་འགྱུར་འགྲོས་ཀྱི་དབང་གིས་སྐྱ་སེར་དབྱེ་བ་མེད་པའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དགོས་པའི་དུས་ཚོད་ཅིག་ཆགས་ཡོད། ཐེག་ཆེན་དང་རྡོ་རྗེ་ཐེག་པའི་སྤྱི་ཚོགས་སུ་ལྷག་ཏུའང་དེ་ལྟར་ཡིན།
འོན་ཀྱང་ངེས་དགོས་པ་ཞིག་ལ། སྐད་ཆ་འདིའི་ཤུགས་ལ་ད་ལྟ་རབ་བྱུང་བའི་སྡེ་རྩ་ཆེན་པོ་མིན་པར་ཆགས་ཟིན་པ་ལྟ་བུའི་གོ་དོན་མེད། དེ་ལས་ལྡོག་སྟེ་རབ་བྱུང་གི་གྲངས་དང་སྤུས་ཚད་གཉིས་ཆར་ལ་དཀའ་ངལ་འཕྲད་བཞིན་པའི་དུས་ཚོད་འདིར་ང་ཚོར་ཡོད་པའི་རབ་བྱུང་གི་སྡེ་ཚོགས་དེར་སྔར་ལས་ལྷག་པའི་གཙིགས་ཆེན་དགོས་པ་དེ་ངེས་པར་ངོས་ཟིན་དགོས་པ་ཞིག་ཡིན། དེ་དང་མཉམ་དུ་ནང་ཆོས་ཀྱི་ཉམས་ལེན་དང་སློབ་སྦྱོང་དེ་རབ་བྱུང་ཁོ་ནར་འགན་བཀལ་ནས་འདུག་པའི་བསམ་བློ་དེར་ཡང་འགྱུར་བ་གཏོང་དགོས། བསམ་བློ་གཏོང་ཕྱོགས་གང་ཡིན་ཡང་མཐའ་གཉིས་སུ་མ་ལྷུང་བ་ཞིག་དགོས་པ་དེ་ག་དུས་ཡིན་ན་ཡང་གལ་ཆེན་པོ་རེད་སྙམ།

༡༠༽    སྤོབས་པ་དང་འགན་འཁྲི་དོ་མཉམ་དགོས།

ཉིན་གཉིས་པའི་ཚོགས་ཐོག་ཏུ་ཕེབས་མཁན་མང་ཆེ་བས་རིག་འཛིན་འདུས་པའི་ཚོགས་མཆོད་སོགས་མགོ་ནས་མཇུག་གི་བར་མཉམ་དུ་འདོན་ཐུབ་པ་དང་། ཚོགས་གླུ་ལེན་པ་དང་། མཆོད་གཡོག་བྱེད་པ་སོགས་ཆ་ཤས་མང་པོ་ཞིག་ཀྱང་ལེན་ཐུབ་ཀྱི་འདུག །༧སྐྱབས་རྗེ་གྱང་ཁང་རིན་པོ་ཆེས་ཀྱང་། དགེ་འདུན་པ་གཅིག་པུ་མ་ཡིན་པར་ཁྱེད་ཚོ་མང་ཆེ་བས་ཆོ་ག་ཡོངས་རྫོགས་མཉམ་དུ་འདོན་ཐུབ་ཀྱི་འདུག་པ་དེ་ཧ་ཅང་ཡག་པོར་མཐོང་བྱུང་ཞེས་བསྔགས་བརྗོད་ཀྱང་གནང་སོང་། གུས་པས་ཀྱང་། ཆོས་ཡིག་དང་བྷོ་ཊེ་སོགས་མིང་གང་བཏགས་ཀྱང་རུང་། ཆོས་པ་ཞིག་བྱེད་རྒྱུར་ཐག་བཅད་ནས་ཚོགས་གྲལ་དུ་འཚོགས་ཟིན་ཕན་ཆད་མ་མཐའ་ཡང་ཚིག་རྗེས་དོན་དྲན་ཞིག་ཡོང་དགོས་པ་དེ་ཆོ་ག་ཚད་ལྡན་ཞིག་གི་མ་མཐའི་ཆ་རྐྱེན་ཡིན། དེ་ཡོང་བར་བྱེད་པ་ལ་བོད་ཡིག་གི་སྒྲ་གདངས་ལྟར་བྲིས་པའི་དབྱིན་ཡིག་གི་སྒྲ་སྦྱོར་འབྲུ་དེད་ཐུབ་པ་ཙམ་གྱིས་མི་ཡོང་བས། ངེས་པར་དུ་བོད་ཡིག་རང་གི་ཐོག་ནས་ཀློག་ཐུབ་པ་དང་གོ་ཐུབ་པ་ཞིག་དགོས་པ་དེ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་ཅེས་ཞུས་པ་ཡིན། ད་ལྟའི་ཆ་ལ་བོད་ཀྱི་སྐད་ཡིག་རིག་གཞུང་འདི་རྒྱུན་འཛིན་བྱེད་པར་ཡང་ཆེས་གལ་ཆེ་བའི་རྒྱུད་ལམ་ནི་ནང་ཆོས་འདི་ཡིན་ཞིང་། དེའང་གྲོང་སྔགས་དང་མི་མང་དཀྱུས་མའི་ཁྱིམ་ཚང་གི་སློབ་གསོའི་ངོ་བོ་དང་ཁྱིམ་ཚང་གི་འཚོ་བའི་ཆ་ཤས་སུ་གནས་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་བྱུང་།

མཇུག་ཏུ་ངས། ང་ཚོས་རབ་ཏུ་བྱུང་བ་བཞིན་གུ་རུ་པདྨའི་རྗེས་འཇུག་གི་རྟགས་མཚན་འདི་འཆང་སྐབས་ངེས་པར་དུ་སྤོབས་པ་བྱེད་དགོས་པ་དང་། དེའང་སྤོབས་པ་གཅིག་པུ་མ་ཡིན་པར་རང་ནུས་དང་འཚམས་པའི་འགན་འཁྲིའི་འདུ་ཤེས་ཤིག་དགོས་པ་སོགས་མདོར་ན། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་གུ་རུའི་རྗེས་འཇུག་ཅིག་བྱེད་དགོས་པ་དེ་གལ་ཆེན་ཡིན་པར་བཤད་པ་ཡིན།

ད་དུང་རང་ཉིད་གུ་རུ་རིན་པོ་ཆེའི་རྗེས་འཇུག་ཅིག་ཡིན་པའི་ངོས་རང་ངོས་ནས་བརྒྱུད་པ་གོང་མའི་ཞལ་ལུང་བཞིན་ཨོ་རྒྱན་ཆེན་པོའི་གསང་གསུམ་གྱི་ཆེ་བ་ལ་དད་པ་བྱེད་པ་དང་མཉམ་དུ། གཞན་ངོ་ལ་ལྟོས་ནས་ལོ་རྒྱུས་རིག་པའི་སྤྱི་འགྲོས་དང་མཐུན་པའི་གཏན་ཚིགས་ཀྱི་ལམ་ནས་གུ་རུ་རིན་པོ་ཆེའི་རྣམ་ཐར་དང་ལོ་རྒྱུས་ལ་ངེས་ཤེས་འདྲོངས་པ་ཞིག་དགོས་པ་དེའང་གཡོལ་དུ་མི་རུང་བའི་དུས་ཀྱི་དགོས་མཁོ་ཡིན་ཞེས་ཀྱང་སྨྲས་པ་ཡིན། ཁོང་ཚོས་ཀྱང་ངའི་སྐད་ཆར་དགའ་མོས་གནང་བཞིན་ཡོད་པའི་ཚོར་སྣང་བྱུང་།

༡༡༽    འཕྲལ་ཕུག་རྒྱང་གསུམ་ལ་ལྟ་བ།


སྤྱིར་ཨ་རིར་ཁོང་ཚོ་ལས་ལྷག་པའི་ཤེས་ཡོན་དང་འཇོན་ནུས། མཚན་སྙན་དང་ཐོབ་ཐང་ཡོད་པ་མང་པོ་ཞིག་བཞུགས་ཡོད་ན་ཡང་། ཁོང་རྣམ་པས་གང་གནང་བཞིན་པ་དེའང་ས་ཆ་དེར་ཡོད་པའི་སྔ་འགྱུར་རྙིང་མའི་དད་འབངས་དཀྱུས་མ་ཚོར་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན་པར་མ་ཟད། ལས་ཀའི་དངོས་གཞིའང་ནང་ཆོས་ངོ་སྤྲོད་སོགས་སློབ་གསོ་དང་འབྲེལ་བའི་ལས་དོན་མང་པོ་ཞིག་བྱེད་པ་དང་། ས་ཆ་དེའི་གཞོན་སྐྱེས་དག་གི་སེམས་ཁམས་ཀྱི་དད་མོས་དང་རིག་གཞུང་ལ་བདག་པོ་རྒྱག་ཐུབ་མཁན་ཞིག་ཏུ་མུ་མཐུད་རྒྱུན་གནས་ཐུབ་པའི་རེ་བ་ཡོད། ད་དུང་ཁ་ན་ཊ་དང་ཡོ་རོབ་སོགས་སུའང་སྔ་འགྱུར་ཐེབས་རྩ་དང་སྨོན་ལམ་ཚོགས་པ་སོགས་ཀྱི་མིང་ཐོག་ནས་སེམས་ཤུགས་ཅན་གྱི་ཆོས་གྲོགས་མང་པོ་ཞིག་གིས་ཕྱག་ལས་མང་པོ་གནང་བཞིན་པ་གོ་བྱུང་། མདོར་ན། ཚོགས་པ་གང་འདྲ་ཞིག་ཡིན་ཡང་། འཕྲལ་གྱི་བྱེད་སྒོ་གང་སྤེལ་ཡང་ཡང་དག་པའི་སློབ་གསོ་ཞིག་དཔུང་གཉེན་དུ་འགྱུར་དགོས་པ་དེ་ཕུགས་ཀྱི་དགོས་མཁོ་ཡིན།

ངས་སྔར་རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་འཚོགས་སྐབས་སུའང་། སྨོན་ལམ་ཚགས་པར་དཔལ་འབྱོར་གྱི་མ་རྩ་ཤིན་ཏུ་ཆེན་པོ་ཡོད་སྐད་ཐོས་པས། དེ་བདེན་ན་དེ་དག་ཀྱང་སྨོན་ལམ་གཅིག་པུ་ཙམ་མ་ཡིན་པར་ཧི་མ་ལའི་ལྗོངས་ཀྱི་རྙིང་མ་སྤྱིའི་སློབ་གསོའི་ཆེད་དུ་གཏོང་ཐུབ་པ་ཞིག་དང་། འཛམ་གླིང་ཡུལ་གྲུ་ཁག་གི་སྔ་འགྱུར་རྙིང་མའི་ཐེབས་རྩ་དང་སྨོན་ལམ་གྱི་ཚོགས་པ་སོགས་ཡོད་པ་དག་དང་ཡང་སྔར་ལས་ཀྱང་གཏིང་ཟབ་པའི་འབྲེལ་བ་འཛིན་ཐུབ་པ་དང་། བོད་དང་རྒྱ་བལ་འབྲུག་གསུམ་ཙམ་མིན་པའི་འཛམ་གླིང་ནུབ་ཕྱོགས་དང་རྒྱ་རིགས་སྤྱི་ཚོགས་ཀྱི་རྙིང་མའི་དགོན་པ་དང་ཆོས་ཚོགས་དད་འབངས་བཅས་ལའང་མུ་མཐུད་འབྲེལ་བ་འཛིན་རྒྱུ་སོགས་ཀྱི་ཕྱོགས་ལ་དམིགས་བསལ་དགོངས་པ་བཞེས་ཐུབ་པ་རེ་བྱུང་ན་སྙམ་པའི་འཆར་སྣང་མང་པོ་ཡོད་མྱོང་། འོན་ཀྱང་། དེ་ཡོད་ཚད་ང་ལྟ་བུ་ཞིག་གིས་བསམ་ན་མི་འོས་པ་དང་བཤད་ན་མི་ཕོད་པ་ཞིག་རེད། མ་གཞི་སྡེ་མཐའི་སྤྲང་པོས་སྤྱི་ཆུས་ག་ལ་ཤེས། ད་ནི་རྩོམ་ཡིག་ཀྱང་རིང་པོ་ཆགས་སོང་། རྣམ་རྟོག་གི་སྤྲོ་བསྡུ་དེའང་འདི་ནས་མཚམས་འཇོག་གི་ཡིན། རྫོགས་སོ།།

སྤྱི་ལོ་༢༠༢༣ ཟླ་ ༧ ཚེས་ ༡༩ ཉིན་ཨོ་གླིང་རི་སྔོན་པོར་བྲིས་སོ།།

This will close in 0 seconds