ནིའུ་ཡོག་ཏུ་བོད་ཀྱི་ལོ་གསར་ཁྲིམས་འཆར་གཏན་འབེབས་བྱུང་བ།

ཕྱི་ལོ་༢༠༢༥ ཟླ་༡ ཚེས་༢༣ ཉིན གྱི་ཕྱི་དྲོར། ནིའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་ཚོགས་ཁང་དུ། བོད་ཀྱི་ལོ་གསར་ལ་འགྲུལ་འཁོར་འཇོག་ས་བརྗེ་སྒྱུར་མི་དགོས་པའི་ཁྲིམས་འཆར་ཨང་༡༠༠ པ་དེ་སྤྱི་མོས་ཀྱིས་གཏན་འབེབས་བྱུང་ཡོད། གྲོང་ཁྱེར་གྱི་ས་གནས་གྲོས་ཚོགས་འཐུས་མི་ཇུ་ལི་ཝོན་གྱིས་བཏོན་གནང་བའི་ཁྲིམས་འཆར་དེར། ཤེ་ཁར་ཀིརི་ཤན་གཙོས་པའི་ས་གནས་གྲོས་ཚོགས་འཐུས་མི་༤༠ ཙམ་དང་ས་གནས་སྲིད་འཛིན་གསུམ་གྱིས་མཉམ་རུབ་ཀྱིས་རྒྱབ་སྐྱོར་གནང་ནས་གཏན་འབེབས་བྱེད་ཐུབ་པ་བྱུང་འདུག ཁྲིམས་འཆར་འདིའི་འོག་ཕྱི་ལོ་༢༠༢༥ ནས་བཟུང་། བོད་ཀྱི་ལོ་གསར་སྐབས་སུ་ནིའུ་ཡོག་གྲོང་ཁྱེར་ནང་གི་འགྲུལ་འཁོར་འཇོག་ས་བརྗེ་སྒྱུར་(ASP)མི་དགོས་པར་གྱུར་ཡོད། གྲོས་ཚོགས་འཐུས་མི་ཇུ་ལི་ཝོན་གྱིས་གསུངས་དོན། “ནིའུ་ཡོག་ཏུ་བོད་དང་། འབྲུག བལ་ཡུལ། རྒྱ་གར་བཅས་ནས་ཡིན་པའི་ལོ་གསར་སྲུང་བརྩི་ཞུ་མཁན་མི་གྲངས་༦༡,༠༠༠ ཙམ་ཡོད། ལོ་གསར་དུས་ཆེན་གལ་ཆེན་འདིའི་སྐབས་སུ་འགྲུལ་འཁོར་སྤོ་བཤུད་ཀྱི་སེམས་ཁྲལ་མེད་པར་ནང་མི་དང་མཉམ་དུ་སྡོད་ཐུབ་པ་བཟོས་ཡོད།

ནིའུ་ཡོག་གནས་སྡོད་མི་མང་༦༡,༠༠༠ ཡི་ཆོས་ལུགས་དང་རིག་གཞུང་གི་ལམ་སྲོལ་གལ་ཆེན་ལ་བརྩི་བཀུར་ཞུ་ཆེད་འགྲུལ་འཁོར་སྤོ་བཤུད་བྱེད་མི་དགོས་པ་བཟོ་རྒྱུ་དེ་དོན་དངོས་དགོས་མཁོ་ཙམ་མིན་པར། ང་ཚོའི་གྲོང་ཁྱེར་གྱི་མི་སེར་གྱི་སྒྲོམ་གཞི་དང་སྒྲིག་གཞིའི་ནང་ནིའུ་ཡོག་སྡོད་མི་ཚང་མ་གཅིག་གྱུར་ཡིན་པ་མཚོན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན། འདི་ནི་བོད་པ་ཙམ་མིན་པར་ནང་པ་དང་། ཧི་མ་ལ་ཡའི་ས་ཁུལ་གྱི་མི་མང་ལ་དམིགས་བསལ་ཁྲིམས་ཐོག་གཏན་འབེབས་བྱས་པའི་དུས་ཆེན་ཐོག་མ་དང་གཅིག་པུ་དེ་ཆགས་ཡོད་རེད། “ཅེས་གསུངས། དེ་བཞིན་སྤྱི་ཟུར་ངག་དབང་ཐར་པས་གསུངས་དོན། “ལོ་གསར་ལ་འགྲུལ་འཁོར་འཇོག་ས་བརྗེ་སྒྱུར་མི་དགོས་པ་བཟོས་གནང་བ་དེ། ང་ཚོ་བོད་དང་ཧི་མ་ལ་ཡའི་རིག་གཞུང་ལ་ཆེ་མཐོང་གནང་བ་ཙམ་མ་ཟད། ང་ཚོའི་ཆོས་ལུགས་དང་རིག་གཞུང་ནི་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་སྒྲོམ་གཞིའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པའི་བརྡ་ལན་སྤྲོད་ཀྱི་ཡོད། འདི་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཐག་གཅོད་ཅིག་ཡིན་པ་དང་། གནད་དོན་འདིས་བོད་ཀྱི་ལོ་གསར་དང་རྒྱ་ནག་གི་ལོ་གསར་གཉིས་ཐ་དད་སོ་སོ་ཡིན་པ་གསལ་སྟོན་བྱས་ཡོད།”ཅེས་གསུངས་སོང་། ཁྲིམས་འཆར་དེ་གཏན་འབེབས་ཟིན་རྗེས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། ཧི་མ་ལ་ཡའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཀྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་ཐུང་ཐུང་རེ་གནང་སོང་།

སྐབས་དེར་ས་གནས་ནིའུ་ཡོག་གནས་སྡོད། བོད་པ་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་༢༠༠ ཙམ་མཉམ་ཞུགས་གནང་འདུག ལོ་གསར་དང་འབྲེལ་བའི་་ཁྲིམས་འཆར་འདི་ནི། དི་ཝ་ལི་དང་། འཇུན་ཊིན་ཐི། རྒྱལ་པོ་གསུམ་གྱི་དུས་ཆེན་སོགས་དང་མཉམ་དུ་འགྲུལ་འཁོར་འཇོག་ས་བརྗེ་སྒྱུར་མི་དགོས་པའི་དུས་ཆེན་གཏན་འབེབས་བྱས་པ་ཐེངས་༣༨ པ་དེ་ཆགས་ཡོད་པ་རེད།
པར་དང་གནས་ཚུལ་ས་གནས་འབྲེལ་ཡོད་ཅིག་གིས་མཁོ་སྤྲོད་གནང་།