ནིའུ་ཡོག་ཏུ་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི།

ཟླ་༢ ཚེས་༢ ཉིན་ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུས་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་སྐད་ཡིག་གོང་འཕེལ་དང་སྲུང་སྐྱོབ་ཆེད། ལས་རིམ་གཙོ་བོ་བོད་སྐད་གཏམ་བཤད་འགྲན་བསྡུར་དང་ཡིག་གཟུགས་འགྲན་བསྡུར་གྱིས། བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུ་སྐབས། སློབ་ཕྲུག་༤༠ ལྷག་དགའ་སྤྲོའི་ངང་འགྲན་བསྡུར་ནང་མཉམ་ཞུགས་གནང་འདུག སྤྱི་ཟུར་ངག་དབང་ཐར་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་། མདོ་སྨད་ཆོལ་ཁའི་ཚོགས་གཙོ་ཟུར་པ་གཡུ་སྒང་འོད་ཟེར་གསུམ་བོད་སྐད་གཏམ་བཤད་འགྲན་བསྡུར་དང་ཡིག་གཟུགས་འགྲན་བསྡུར་གྱི་དཔྱད་འདེམས་པར་གདན་ཞུ་གནང་འདུག སྐབས་དེར་ཚོགས་པ་ཆེ་ཁག་གི་ཚོགས་གཙོ་ཁག་ཅིག་དང་། ས་གནས་གཞོན་ནུའི་རྒྱུན་ཟུར་ཁག་ཅིག སློབ་ཕྲུག་རྣམས་ཀྱི་ཕ་མ་བཅས་མི་མང་པོ་མཉམ་ཞུགས་གནང་འདུག གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་ངོ་སྤྲོད་གཏམ་བཤད་སྐབས། མི་མང་ལ་ཉིན་རེའི་འཚོ་བའི་ནང་བོད་སྐད་བེད་སྤྱོད་གཏོང་རྒྱུར་སེམས་ཤུགས་བསྐྱེད་དགོས་པ་དང་། ལྷག་པར་དུ་མི་རབས་གཞོན་པ་ཚོས་རང་གི་སྐད་ཡིག་དང་རིག་གཞུང་ལ་སྤོབས་པ་བྱེད་དགོས་པའི་སྐུལ་མ་གནང་། ཁོང་གིས་”བོད་སྐད་ནི་ང་ཚོའི་ངོ་བོའི་སྙིང་པོ་ཡིན། དེ་མེད་ན་ང་ཚོའི་རིག་གཞུང་གི་སྙིང་བཅུད་ཤོར་ཉེན་ཡོད།

ང་ཚོ་མཉམ་རུབ་ཀྱིས་དེ་གསོན་པོར་གནས་ཐུབ་པ་དང་དར་རྒྱས་ཡོང་བ་བྱེད་དགོས།” ཞེས་སོགས་གསུངས་གནང་སོང་། བོད་སྐད་གཏམ་བཤད་འགྲན་ཞུགས་པ་རྩེ་ཕུད་གསུམ་ལ་བྱ་དགའ་དང་། འཛིན་རིམ་གཉིས་པ་དང་གསུམ་པ་བཞི་པ་བཅས་ཀྱི་ཡིག་གཟུགས་འགྲན་ཞུགས་པ་རྩེ་ཕུད་གསུམ། ཡང་འཛིན་རིམ་ལྔ་པ་དང་དྲུག་པ་བདུན་པ་བཅས་ཀྱི་ཡིག་གཟུགས་འགྲན་ཞུགས་པ་རྩེ་ཕུད་གསུམ་བཅས་ལ་བྱ་དགའ་གནང་སོང། མཇུག་ཏུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེས་དཔྱད་ཞིབ་པ་དང་མཉམ་ཞུགས་པ་ཚོར་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་རྗེས། མུ་མཐུད་སྐད་ཡིག་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུ་དང་། བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་ཡོད་པ། ཚོགས་པའི་ངོས་ནས་གཞོན་སྐྱེས་ཚོར་རང་གི་སྐད་ཡིག་དང་རིག་གཞུང་གི་རྒྱུན་འཛིན་ལ་མཉམ་ཞུགས་དང་སྲུང་བརྩི་བྱེད་པའི་གོ་སྐབས་མུ་མཐུད་བསྐྲུན་རྒྱུའི་ཁས་ལེན་གནང་སོང་།
ས་གནས་འབྲེལ་ཡོད་ཅིག་གིས་པར་རིས་དང་གནས་ཚུལ་མཁོ་སྤྲོད་གནང་།