ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ལྷན་གནས་སྐབས་སྒོ་རྒྱག་རྒྱུ་ཡིན།

ཟླ་འདིའི་ཚེས་༡༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྐབས་༡༣ པའི་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཁང་དེ་བཞིན་བློ་ཕམ་ཆེན་པོའི་ངང་གནས་སྐབས་སྒོ་རྒྱག་རྒྱུ་དང་། སྤྱི་ལོ་ ༢༠༡༦ ཟླ་བ་༡ ཚེས་༢༠ གོང་དུ་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ལྷན་གྱི་རྒྱུ་དབང་ཡོངས་རྫོགས་ཆད་ལུས་མེད་པར་བར་བརྒལ་འབྲེལ་མཐུད་པར་རྩིས་སྤྲོད་དགོས་ཞེས་བརྗོད་འདུག

938702བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་༡༩༧༠ ལོ་གསར་འཛུགས་བྱས་ཏེ། བཙན་བྱོལ་ནང་བོད་རང་བཙན་འཐབ་རྩོད་ཀྱི་སྒྲིག་འཛུགས་ཆེ་ཤོས་དེ་ཡིན་པ་དང་། བོད་གཞུང་གི་སྲིད་ཇུས་དབུ་མའི་ལམ་དུ་བསྒྱུར་བ་དང་། བར་ལམ་ཞིག་ནས་གཞོན་ལྷན་གྱི་རང་བཙན་ལངས་ཕྱོགས་ཀྱང་སྒྱུར་དགོས་པའི་བསམ་ཚུལ་ཁག་ཅིག་བྱུང་བ་ལྟར། གཞོན་ལྷན་གྱི་རྒྱ་གར་ནང་གི་ས་གནས་ཁག་བརྒྱད་དབུས་ཀྱི་ཁྱབ་ཁོངས་ནས་ཕྱིར་འཐེན་བྱས་ཡོད་པ་རེད། དེ་བཞིན་འདི་ལོར་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སའི་ས་གནས་ཀྱི་རྒྱུན་ལས་གསར་པ་འདེམས་ཐོན་བྱུང་བ་དང། ཁོང་ཚོས་གཞོན་ལྷན་གྱི་ཆབ་སྲིད་ལངས་ཕྱོགས་མ་བསྒྱུར་ན། གཞོན་ལྷན་གྱི་ཁྱབ་ཁོངས་འོག་འདུག་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་གཞོན་ལྷན་གྱིས་དེའི་སྐོར་ལ་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། “འདི་ལོར་གསར་དུ་འདེམས་ཐོན་བྱུང་བའི་སྐབས་ ༡༣ པའི་ནིའུ་ཡོག་དང་ནིའུ་ཇར་སའི་ས་གནས་གཞོན་ནུའི་རྒྱུན་ལས་ནས་སྤྱི་ལོ་ ༢༠༡༥ ཟླ་བ་ ༧ ཚེས་ ༢༡ ཉིན་དབུས་གཞོན་ལྷན་ལ་ཡི་གེ་ཞིག་བཏང་ནས་ ‘དབུས་བོད་ཀྱི་གཞོན་ལྷན་གྱི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་བར་ནིའུ་ཡོག་དང་ནིའུ་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ཀྱི་ཁྱབ་ཁོངས་འོག་གནས་ཐབས་མེད་ལ། དབུས་ལ་འབྲེལ་བ་ཡང་བྱེད་རྒྱུ་མིན་་་་་་།’ ཞེས་བྲིས་ཡོད། ཐག་གཅོད་འདི་ནི་ནིའུ་ཡོག་དང་ནིའུ་ཇར་སི་ས་གཞོན་ཚོགས་མིའི་བསམ་ཚུལ་བསྡུ་ལེན་མེད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་ལམ་སྟོན་ལ་ཡང་རྩིས་མེད་ཀྱི་ཐལ་ཆེའི་ཐག་གཅོད་ཞིག་ཆགས་ཡོད་”ཅེས་དང།

གསལ་བསྒྲགས་དེའི་ནང་གཞོན་ལྷན་གྱི་ལངས་ཕྱོགས་དང་འབྲེལ་ནས་འཁོད་དོན། “སྤྱིར་ཚོགས་སྒེར་སུ་རུང་ནས་བོད་དོན་བདེན་མཐལ་སེལ་ཆེད་མང་གཙོའི་ལམ་སྲོལ་དང་ཆབ་སྲིད་ཀྱི་དགོས་དབང་ལྟར་རང་ཉིད་ཀྱི་འདོད་མོས་དང་མཐུན་པའི་ཆབ་སྲིད་ལྟ་གྲུབ་འདྲ་མིན་འཛིན་བཞིན་ཡོད་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གུས་བརྩི་ཞུ་བཞིན་ཡོད། འོན་ཀྱང་བོད་ཀྱི་གཞོ་ནུ་ལྷན་ཚོགས་ལ་མཚོན་ན་འདས་པའི་ལོ་ངོ་བཞི་བཅུ་ཞེ་ལྔའི་ནང་མང་གཙོའི་འགྲོ་ལུགས་ཚུལ་བཞིན་ལྡན་པའི་ཐོག་ནས་ལས་དོན་ཡོངས་རྫོགས་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་རིམ་པའི་ནང་སྦྱང་བཤད་གྲོས་བསྡུར་བརྒྱུད་མང་མོས་དང་སྤྱི་མོས་ཀྱིས་གཏན་ཕབ་པའི་གྲོས་ཆོད་ལག་སྟར་གྱིས་ལས་དོན་སྒྲུབ་བཞིན་ཡོད་པ་དང་། ལྷག་པར་དབུས་སའི་འཛིན་སྐྱོང་དང་ལས་དོན་ཡོངས་རྫོགས་ཚོགས་ཆེན་རིམ་པའི་ནང་སྦྱང་བཤད་མཐིལ་ཕྱིན་གྱིས་གཏན་ལ་ཕབ་པའི་སྒྲིག་གཞིའི་འབྲུ་དོན་ལ་རྩ་འཛིན་ཞུ་བཞིན་ཡོད་ཀྱང་། ནིའུ་ཡོག་དང་ནིའུ་ཇར་སི་ས་གཞོན་གྱི་སྐབས་བབ་འབྲེལ་ཆགས་རྒྱུན་ལས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་ལས་ཡོངས་སུ་འགལ་བའི་ཐག་གཅོད་དང་གནང་བབ་ལ་ནང་ཁུལ་གོ་བསྡུར་སྦྱང་བཤད་ཀྱིས་འགྲིགས་འཇགས་ཡོང་ཐབས་སུ་སྤྱི་ཁྱབ་རྒྱུན་ལས་ནིའུ་ཡོག་ས་གནས་སུ་ཆེད་བཅར་གྱིས་ལས་ཐོག་རྒྱུན་ལས་དང་ཐེངས་གཉིས་ལ་ལྷན་འཛོམས་ཀྱིས་ཚོགས་འདུ་ཚོགས་ནས་དུས་ཡུན་རིང་པོར་ཕན་ཚུན་གྲོས་བསྡུར་སྦྱང་བཤད་བྱས་ཀྱང་གྲུབ་འབྲས་སོན་མེད་པ་མ་ཟད། ས་རྒྱུན་ཟུར་པའི་དགོངས་ཚུལ་བསྡུ་ལེན་ཞུས་པ་དང་། ཐེངས་གཅིག་གཞོན་ལྷན་དབུས་རྒྱུན་ཟུར་པ་གདན་ཞུས་ཀྱིས་ལམ་སྟོན་དང་ནང་ཁུལ་འགྲིགས་འཇགས་ཡོང་ཐབས་ཀྱི་གྲོས་འཆར་འདོན་གནང་མཛད་ཀྱང་ལས་ཐོག་ས་གཞོན་རྒྱུན་ལས་རྣམ་པས་གཞོན་ལྷན་ཚོགས་ཆེན་རིམ་པའི་ཐོག་གཏན་འབེབས་མཛད་པའི་དམིགས་ཡུལ་དང་སྒྲིག་གཞིར་མོས་མཐུན་དང་གུས་བརྩི་ཞུ་རྒྱུ་ལས་ཟློག་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་གནས་ཐབས་མེད་པའི་ཐག་གཅོད་ལ་འགྱུར་བ་གང་མང་མེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱས་པ་དང་། སྤྱི་ལོ་ ༢༠༡༦ ལོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་བསྡུར་གྱིས་མང་མོས་ཐག་གཅོད་ཇི་བྱུང་ལ་ཡང་མོས་མཐུན་དང་གུས་བརྩི་ཞུ་རྒྱུའི་ཞལ་བཞེས་མ་གནང་བ་བཅས། སྔ་ཕྱིའི་གནང་ཕྱོགས་ཡོངས་ནས་མ་འོངས་པར་ཡང་ནང་ཁུལ་འགྲིགས་འཇགས་ཡོང་ཐབས་ཀྱི་རེ་བ་རྩ་བ་ནས་མ་མཆིས་པས། ད་ཐེངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ གི་གྲོས་གཞི་དོན་ཚན་བཅུ་པའི་ནང་གསེས་ཁ་པའི་གྲོས་ཆོད་གཉིས་པའི་དགོངས་དོན་དང་། དེ་བཞིན་བོད་སྤྱིའི་བསྟན་སྲིད་ཆེད་གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་དང་། ལས་དོན་ཚགས་ཚུད། མ་འོངས་གཞོན་ལྷན་ནང་ཁུལ་དང་། ལྷག་པར་བོད་རིགས་ནང་ཁུལ་དོན་མེད་ཀྱི་འགལ་ཟླའི་རྙོག་གླེང་རྒྱུན་མཐུད་མི་ཡོང་བའི་ཆེད་དུ་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་གནད་དོན་ཐོག་གཤམ་འཁོད་ཀྱི་ཐག་གཅོད་མི་བྱ་འཐུ་མེད་དུ་གྱུར་”ཞེས་འཁོད་འདུག

ཐེངས་འདིར་གཞོན་ལྷན་གྱིས་ཐག་གཅོད་གང་བྱུང་བའི་སྐོར་འཁོད་དོན། “དེ་ཡང་ད་ལྟའི་སྐབས་ ༡༣ པའི་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཁང་དེ་བཞིན་བློ་ཕམ་ཆེན་པོའི་ངང་གནས་སྐབས་སྒོ་རྒྱག་རྒྱུ་དང་། ས་གནས་སུ་བར་བརྒལ་འབྲེལ་མཐུད་པ་བཞི་ (interim committee) ས་རྒྱུན་ཟུར་པའི་མང་མོས་འོས་བསྡུ་བརྒྱུད་ནས་བསྐོ་བཞག་བྱས་ཡོད་པར། སྐབས་ ༡༣ པའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གཞོན་རྒྱུན་ལས་ནས་སྤྱི་ལོ་ ༢༠༡༦ ཟླ་བ་ ༡ ཚེས་ ༢༠ གོང་དུ་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ལྷན་གྱི་རྒྱུ་དབང་ཡོངས་རྫོགས་ཆད་ལུས་མེད་པར་བར་བརྒལ་འབྲེལ་མཐུད་པར་རྩིས་སྤྲོད་གཙང་མ་དགོས་པ་དང་། དེ་རིང་སྤྱི་ལོ་ ༢༠༡༥ ཟླ་བ་ ༡༢ ཚེས་ ༡༦ ནས་བཟུང་མ་འོངས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ལེན་ཡོད་པའི་ས་གཞོན་རྒྱུན་ལས་གསར་འདེམས་མ་བྱུང་བར། ནིའུ་ཡོག་དང་ནིའུ་ཇར་སིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་ཚབ་ནུས་པའི་ས་གནས་གཞོན་ལྷན་ཞིག་མེད་པས། ཚོགས་སྒེར་སུ་རུང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་དང་། ཚོགས་དར། ལས་རྟགས། ལས་དམ། ལས་ཤོག་སོགས་བེད་སྤྱོད་བྱ་མི་ཆོག་པ་ནན་བརྗོད་བྱ་རྒྱུ་དང་། གལ་སྲིད་དེ་ལྟར་བྱེད་མཁན་བྱུང་ཚེ་དེ་ལས་བྱུང་བའི་གནད་དོན་གྱི་འགན་ཁུར་ཡོངས་རྫོགས་འཁུར་དགོས་”ཞེས་བསྒྲགས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།