ནིའུ་ཡོག་ནས་རྒྱ་ནག་གི་གསང་མྱུལ་བ་ཞིག་འཛིན་བཟུང་བྱས་པ། 

རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་དོགས་ཟོན་ཆེ་རུ་ཕྱིན་ནས་རྒྱ་ནག་གི་གསང་ཉུལ་བ་འཇུས་པའི་གནས་ཚུལ་མང་དུ་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་གཞུང་གིས་གྲོང་ཁྱེར་ནིའུ་ཡོག་ནས་ས་ཁུལ་དེ་གའི་བོད་མི་ཚོའི་བྱ་སྤྱོད་ལ་མྱུལ་མ་བྱས་ཏེ་རྒྱ་ནག་ལ་རྩིས་སྤྲོད་མཁན་གྱི་ཉེན་རྟོག་པ་ཞིག་འཛིན་བཟུང་བྱས་འདུག 

དེ་ཡང་ཨ་རིའི་གཞུང་ནས་ཕྱི་ཟླ་༩ ཚེས་༢༡ རེས་གཟའ་ཟླ་བའི་ཉིན་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། གྲོང་ཁྱེར་ནིའུ་ཡོག་གི་ཉེན་རྟོག་པའི་ལས་ཀ་སྒྲུབ་བཞིན་པའི་གསང་ཉུལ་བ་དེ་ནི། ལོ་ན་༣༣ ལ་སོན་ཞིང་མིང་ལ་པདྨ་དར་རྒྱས་ངག་དབང་ཟེར་བའི་བོད་པ་ཞིག་ཡིན་འདུག་པ་དང་། ཁོས་ཕྱི་ལོ་༢༠༡༤ ནས་བཟུང་སྟེ་གྲོང་ཁྱེར་དེ་གའི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་མྱུལ་ཞིབ་བྱས་ཏེ་རྒྱ་ནག་གི་དོན་གཅོད་ཁང་ལ་གནས་ཚུལ་རྩིས་སྤྲོད་བྱས་ཡོད་འདུག 

གནད་དོན་དེ་དང་འབྲེལ་བའི་ཐད་ལ། ནིའུ་ཡོག་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་ཌོར་མ་ཊི-ཤེ་(Dermot Shea) ཡིས་“པདྨ་དར་རྒྱས་ངག་དབང་གིས་རྒྱལ་ཁབ་འདིའི་ནང་ཁས་ལེན་བྱས་པའི་དམ་བཅའ་མཐའ་དག་རྡོག་རོལ་བཏང་བ་རེད་དེ། དང་པོ་ཨ་རིའི་རྒྱལ་ཁབ་དང་། གཉིས་པ་ཨ་རིའི་དམག གསུམ་པ་ཉེན་རྟོག་ལས་ཁུངས་འདི་རེད་”ཅེས་བརྗོད་འདུག 

ཨ་རིའི་གཞུང་ནས་པདྨ་དར་རྒྱས་ངག་དབང་ལ་ཞིབ་འཇུག་བྱས་པ་ལས། ཁོས་“གྲོང་ཁྱེར་ནིའུ་ཡོག་གི་བོད་མི་དང་། མི་རིགས་གཞན་དག་གི་བྱ་སྤྱོད་རྣམས་གྲོང་ཁྱེར་དེ་གའི་རྒྱ་ནག་གི་དོན་གཅོད་ཁང་དུ་རྩིས་སྤྲོད་བྱེད་པ་དང་། ས་གནས་དེ་གའི་བོད་མིའི་གནས་ཚུལ་གལ་ཆེན་རྣམས་བཙལ་འཚོལ་དང་མྱུལ་ཞིབ་བྱེད་ཀྱི་ཡོད་”པ་ཤེས་རྟོགས་བྱུང་འདུག 

ཕྱི་ལོ་༢༠༡༨ ལོ་ནས་བཟུང་། ཁོས་“སྦྱིན་བདག་ལགས་”ཞེས་པའི་རྒྱ་ནག་གི་དོན་གཅོད་ཁང་གི་ལས་བྱེད་གཅིག་དང་རྒྱུན་དུ་འབྲེལ་བ་བྱས་འདུག་པ་དང་། དོན་གཅོད་ཀྱི་ལས་བྱེད་དེ་ནི་འཐབ་ཕྱོགས་གཅིག་སྒྱུར་ཁང་གི་མི་སྣ་ཞིག་ཡིན་སྐད་འདུག

ཨ་རིའི་གཞུང་ནས་བཏོན་པའི་གནས་ཚུལ་ལྟར་ན། པདྨ་དར་རྒྱས་ངག་དབང་གི་ཕ་ཡུལ་བོད་རང་སྐྱོང་ལྗོངས་ནས་ཡིན་པ་དང་། ཁོའི་ཕ་མ་གཉིས་ཀ་རྒྱ་ནག་གཞུང་གི་ལས་བྱེད་བགྲེས་ཡོལ་ཞུས་པ་ཞིག་ཡིན་པའི་ཁར། ཁོའི་སྤུན་མཆེད་གཅིག་ཀྱང་རྒྱ་ནག་གི་དམག་མི་ཡིན་འདུག འོན་ཀྱང་། ཁོ་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་གང་ནས་ཡིན་པ་དང་། ཕ་མ་དང་སྤུན་མཆེད་ཀྱི་མིང་ཅི་ཡིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་གསལ་ཁ་མི་འདུག འཇུ་བཟུང་བྱས་པའི་མི་དེ་ནི་བོད་མི་ཞིག་ཡིན་མིན་ལ་དོགས་གཞི་ཡོད་པས། རྒྱ་རིགས་བོད་མི་ལ་བརྫུས་ནས་ཡོང་བ་ཞིག་ཡིན་མིན་ལ་གླེང་སློང་བྱེད་བཞིན་ཡོད་ནའང་། ད་ལྟའི་བར་ཁ་གསལ་ཆགས་མི་འདུག

འབྲེལ་ཡོད་ཁྲིམས་ཁང་གི་ཡིག་ཆའི་ནང་།  པདྨ་དར་རྒྱས་ངག་དབང་རིག་གཞུང་བརྗེ་རེས་ཀྱི་ཐོངས་མཆན་ཐོག་ནས་ཨ་རིར་འབྱོར་འདུག་པ་དང་། ཁོའི་ཐོངས་མཆན་རྫོགས་རྗེས་“ཁོ་བོད་པ་ཡིན་པའི་རྒྱུ་མཚན་གྱིས་”རྒྱ་ནག་ཏུ་འཛིན་བཟུང་དང་མནར་གཅོད་མྱངས་བྱུང་ཚུལ་བཤད་དེ་སྐྱབས་བཅོལ་ཞུས་པའི་ཐོག ཨ་རིའི་དམག་ཏུ་ཞུགས་ནས་ཨེ་རག་(Iraq)ལ་ཐེངས་གཅིག་དང་། ཨ་ཧྥི་གྷ་ནི་སི་ཐན་(Afghanistan)ལ་ཐེངས་གཉིས་ཕྱིན་པའི་མཐར། ནིའུ་ཡོག་ཉེན་རྟོག་ལས་ཁུངས་སུ་ཉེན་རྟོག་པའི་ལས་དོན་སྒྲུབ་ཀྱི་ཡོད་འདུག 

ཨ་རིའི་གཞུང་ནས་བཏོན་པའི་གནས་ཚུལ་ལྟར་ན།  པདྨ་དར་རྒྱས་ངག་དབང་གིས་ཕྱི་ལོ་༢༠༡༨ ལོའི་ཕྱི་ཟླ་༡༠ པའི་ཟླ་མཇུག་ཙམ་དུ་“སྤྱིན་བདག་ལགས་”ལ་ཁུན་སི་(Queens) བོད་མིའི་སྤྱི་ཁང་གསར་པའི་སྐོར་ཡར་ཞུ་བྱས་འདུག་པ་དང་། ཁོ་གཉིས་ཀྱི་གླེང་མོལ་ནང་ངག་དབང་གིས་“འདི་ཡག་སྡུག་ཅི་ཡིན་མི་ཤེས་ཀྱང་། ཁྱེད་ཀྱིས་ལས་ཀའི་ཆེད་དུ་གནས་ཚུལ་ཤེས་དགོས་ངེས་རེེད། ད་ལྟའི་ཆར་སྤྱི་ཁང་འདི་ནི་འདུ་འཛོམས་ཀྱི་ལས་འགུལ་སྤེལ་ས་ཆེ་ཤོས་དེ་ཆགས་ཡོད། གལ་སྲིད་ཁོ་ཚོ་ཆབ་སྲིད་ནང་ཞུགས་པ་ཡིན་ན། མ་འོངས་པར་ཚོགས་འདུ་ཕལ་ཆེ་བ་འདིར་འཚོགས་ངེས་རེད་”ཅེས་སྨྲས་ཡོད་འདུག 

ཕྱི་ལོ་༢༠༡༨ ལོའི་ཕྱི་ཟླ་༦ པ་ནས་༢༠༢༠ ལོའི་ཕྱི་ཟླ་༣ བར་དུ་ངག་དབང་གིས་རྒྱ་ནག་གི་དོན་གཅོད་ཁང་གི་ལས་བྱེད་དེར་ཁ་པར་བརྒྱུད་དེ་ཐེངས་༥༣ ཙམ་གླེང་མོལ་བྱས་འདུག་པ་དང་། ཕྱི་ལོ་༢༠༡༩ ལོའི་ཕྱི་ཟླ་༢ པའི་ནང་བྱུང་བའི་གླེང་མོལ་ཞིག་གི་ནང་། ཁོས་སྐབས་དེའི་ཉེ་ཆར་ལ་ཆབ་སྲིད་ཀྱི་འོས་མིར་ལངས་ཀྱང་འོས་ཤོར་བའི་ཨ་རིའི་མི་སེར་དུ་གྱུར་བའི་བོད་མི་ཞིག་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་ཤིན་ཏུ་ལེགས་པོ་ཆགས་ཆོག་པའི་བསམ་ཚུལ་བཏོན་འདུག་པ་དང་། ཁོས་“ངས་བལྟས་ན། མི་འདི་ལ་ཆབ་སྲིད་ཀྱི་འབྱུང་འགྱུར་ཤིན་ཏུ་ཡག་པོ་ཞིག་འདུག་”ཅེས་བཤད་པའི་ཐོག མི་དེ་ལ་རྒྱ་ནག་ལ་“མཐའ་གཅིག་ཏུ་ལྟ་ཚུལ་ངན་པ་”མི་འདུག་ཅེས་བསྣན་ཡོད་འདུག 

པདྨ་དར་རྒྱས་ངག་དབང་གིས་རྒྱ་ནག་གི་གསང་མྱུལ་བའི་ལས་བྱས་པ་དང་། ཁྲིམས་འགལ་གྱི་སྒོར་མོ་བཏང་བ། རྫུན་བཤད་པ་བཅས་ཀྱི་ཉེས་པ་བསགས་ཡོད་སྟབས། ཁོ་ལ་ལོ་༥༥ ཙམ་བར་བཙོན་འཇུག་གི་ཁྲིམས་ཆད་འཕོག་ཉེན་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།