ནུབ་ཕྱོགས་ཀྱི་གྱོན་ཆས་བཟོ་ཚོང་ཁང་ཆེ་ཤོས་ཤིག་གི་རྒྱ་ནག་གི་བཟོ་གྲྭ་དང་འབྲེལ་ཐག་བཅད།
རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ཤར་ཏུར་ཀི་སི་ཐན་དུ་“བཙན་དབང་གི་ངལ་རྩོལ་”ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡོང་བཞིན་པར་བརྟེན། སུའུ་ཌན་གྱི་གྱོན་ཆས་བཟོ་ཚོང་ཁང་ཨ་ཆི་ཨམ་(H&M) གྱིས་རྒྱ་ནག་གི་བཟོ་གྲྭ་དང་འབྲེལ་ཐག་གཅོད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག
འཛམ་གླིང་གི་གྱོན་ཆས་བཟོ་ཚོང་ཁང་ཆེ་གྲས་སུ་གཏོགས་པའི་བཟོ་ཚོང་ཁང་དེས་ཕྱི་ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར་ཉིན་སྤེལ་བའི་གསལ་བསྒྲགས་དེའི་ནང་། བཟོ་ཚོང་ཁང་དེ་དང་ཤར་ཏུར་ཀི་སི་ཐན་དུ་བཙན་དབང་གི་ངལ་རྩོལ་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་བཟོ་གྲྭ་གཅིག་དང་འབྲེལ་བ་མེད་པ་མ་ཟད། ད་ནས་བཟུང་ཤར་ཏུར་ཀི་སི་ཐན་ནས་སྲིན་བལ་མཁོ་སྒྲུབ་བྱེད་མཚམས་འཇོག་གི་ཡིན་པའི་ནན་བརྗོད་བྱས་འདུག
ཨོ་སི་ཁྲུ་ལི་ཡའི་སྲིད་བྱུས་ཉམས་ཞིབ་ཁང་(the Australian Strategic Policy Institute) གིས་འདི་ལོའི་ཕྱི་ཟླ་༣ པའི་ནང་བཏོན་པའི་སྙན་ཐོ་ཞིག་གི་ནང་། ཨ་ཆི་ཝམ་བཟོ་ཚོང་ཁང་གིས་ཨན་ཧོ་ཞིང་ཆེན་(Anhui) དུ་ཡོད་པའི་རྒྱ་ནག་གི་བཟོ་གྲྭ་ཞིག་ལ་ཚོང་འབྲེལ་བཙུགས་ཡོད་པ་དང་། བཟོ་ཚོང་ཁང་དེ་ནི་ཤར་ཏུར་ཀི་ཤི་ཐན་དུ་ལག་བསྟར་བྱེད་བཞིན་པའི་བཙན་དབང་གི་ངལ་རྩོལ་ལས་ཁེ་བཟང་ཟ་མཁན་གཙོ་བོ་ཞིག་ཡིན་ཚུལ་བརྗོད་འདུག
ཡིན་ན་ཡང་། ཨེ་ཆི་ཨམ་བཟོ་ཚོང་ཁང་གིས་ཨན་ཧོ་ཞིང་ཆེན་དུ་ཡོད་པའི་རྒྱ་ནག་གི་བཟོ་གྲྭ་དེ་དང་འབྲེལ་བ་གཏན་ནས་བྱུང་མྱོང་མེད་ཅེས་བཤད་རྗེས། ཞིང་ཆེན་གཞན་ཞིག་ཏུ་ཡོད་པའི་བཟོ་གྲྭ་ཞིག་དང་“བརྒྱུད་ཀྱི་ཚོང་འབྲེལ་”ཡོད་པར་ཁས་ལེན་བྱས་ཏེ་“འབྱུང་འགྱུར་གྱི་ཟླ་ངོ་༡༢ ནང་བཟོ་གྲྭ་དེ་དང་ཚོང་འབྲེལ་གཅོད་རྒྱུ་ཡིན་ཞེས་བསྒྲགས་འདུག
རྒྱ་ནག་དམར་ཤོག་ཚོགས་པས་ཤར་ཏུར་ཀི་སི་ཐན་དུ་ལག་བསྟར་བྱེད་བཞིན་པའི་བཙན་གནོན་དང་དབང་ཤེད་ལ་རྒྱལ་སྤྱིའི་ངོས་ནས་གནོན་ཤུགས་ཇེ་ཆེར་འགྱུར་བཞིན་ཡོད་འདུག་སྟེ། བདུན་འདིའི་རེས་གཟའ་ཟླ་བའི་ཉིན་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཉིས་དྲ་རྒྱའི་ཚོགས་ཆེན་འཚོགས་སྐབས། ཡུ་རོབ་སྤྱི་མཐུན་ཚོགས་པས་འབྱུང་འགྱུར་གྱི་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་གཉིས་འབྲེལ་བ་དམ་ཟབ་ཡོད་ཚུལ་བཤད་དེ། པེ་ཅིང་སྲིད་གཞུང་ལ་ཤར་ཏུར་ཀི་སི་ཐན་དུ་རང་དབང་ལྡན་པའི་རྟོག་ཞིབ་པ་འགྲོ་རུ་འཇུག་དགོས་ཚུལ་བཤད་འདུག
གཞན་ཡང་། ཉིན་དེ་རང་ལ་ཨ་རིའི་གཞུང་ནས་རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་དུ་ཡུ་གུར་བ་རྣམས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་སྟབས། ས་ཁུལ་དེ་ནས་ཐོན་པའི་ཚོང་རྫས་རྣམས་བཀག་འགོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་བྱས་ཡོད།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་དུ་ཡུ་གུར་བ་ས་ཡ་གཅིག་ལྷག་འདོད་མོས་ཡོད་མེད་ལ་མ་བལྟོས་པར་བཙོན་སྒར་དུ་བཀག་ཉར་བྱས་ཏེ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད། འོན་ཀྱང་། རྒྱ་ནག་གིས་གནས་ཚུལ་དེ་གཏན་ནས་ཁས་ལེན་མི་བྱེད་པ་དང་། ཁོ་ཚོས་དྲག་སྤྱོད་རིང་ལུགས་སྔོན་འགོག་ཆེད་དུ་ཡུ་གུར་བ་རྣམས་ལ་ལག་ཤེས་ལྟེ་གནས་ཁང་དུ་ཤེས་ཡོན་སྦྱོང་བསྡར་སྤྲོད་ཀྱི་ཡོད་ཚུལ་ཁོ་ན་བཤད་ཀྱི་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།