ནུབ་ཕྱོགས་དམངས་གཙོའི་ཆབ་སྲིད་ལམ་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་རྒྱ་ནག་གི་འགོ་ཁྲིད་མཐོ་གྲས་ཤིག་ཤི་ཡོད་འདུག
རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྱི་ཚོགས་གཙོ་ཟུར་པ་(Wu Bangguo)ཝུ་པང་གོ་ཟེར་བ་དེ་ཤི་ཡོད་འདུག་པ་དང་། མི་དེ་ཤི་བ་ནི་རྒྱ་ནག་རྒྱལ་ཁབ་ལ་གྱོད་གུད་ཆེན་པོ་ཡིན་པར་བརྗོད། ཁོ་ནི་ནུབ་ཕྱོགས་དམངས་གཙོའི་ལམ་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་ཞིག་ཡིན་འདུག
ཕྱི་ཚེས༨ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། གཟའ་མིག་དམར་ཉིན་གྱི་ཞོགས་པ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྱི་ཚོགས་གཙོ་ཟུར་པ་(Wu Bangguo)ཝུ་པང་གོ་ཟེར་བའི་འགོ་ཁྲིད་དེ་ཤི་ཡོད་པར་བརྗོད་འདུག་ལ། ཞིན་ཧྭ་གསར་ཁང་གིས་བཏོན་པའི་རྒྱ་ནག་གཞུང་འབྲེལ་གྱི་ཡི་གེའི་ནང་ཝུ་པང་གོ་ནི་དམར་ཤོག་ཚོགས་པ་དང་། རྒྱལ་ཁབ་ཀྱི་ཕུལ་བྱུང་གི་འགོ་ཁྲིད་ཅིག་ཡིན་པར་བརྗོད་ཅིང་། ཁོ་ཤི་བ་ནི་རྒྱ་ནག་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པར་བརྗོད་ཡོད་འདུག
ཝུ་ཟེར་བ་དེ་ཕྱི་ལོ་ ༢༠༠༢ ནས་ ༢༠༡༢ བར་རྒྱ་ནག་གི་དབང་ཆ་ཆེ་ཤོས་ཀྱི་མི་སྣའི་གྲས་ཤིག་ཡིན་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྱི་ཚོགས་གཙོ་དང་། ཚོགས་པའི་གོ་གནས་གཉིས་པར་བཟུང་མྱོང་ཡོད་འདུགཝུ་ནི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་གཉིས་པ་ཡང་ཡིན་པ་དང་། དེ་ནི་རྒྱ་ནག་གི་གལ་གནད་ཆེ་ཤོས་ཀྱི་ཐག་གཅོད་བྱེད་མཁན་གྱི་སྡེ་ཚན་ཞིག་ཡིན་འདུག་ཅིང་། སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་དང་། སྲིད་བློན་ཟུར་པ་ཝིན་ཅཱ་པའོ་གཉིས་ཀྱི་སྐབས་སུ་ཁོ་རིམ་པ་གསུམ་པའི་གོ་གནང་བཟུང་མྱོང་ཡོད་འདུག
ཝུ་ཟེར་བ་དེ་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ལ་ཤུགས་ཆེན་པོའི་ཐོག་ནས་ངོ་རྒོལ་བྱེད་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་གཅིག་ཡིན་འདུག་ལ། ཕྱི་ལོ་ ༢༠༡༡ ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བགྲོ་གླེང་ཞིག་གི་སྐབས་སུ། ཝུས་རྒྱ་ནག་གིས་ལག་བསྟར་བྱེད་མི་ཐུབ་པའི་ཆབ་སྲིད་ཀྱི་སྒྲིག་གཞི་ལྔ་ངོས་འཛིན་བྱས་ཡོད་འདུག་པ་དང་། དེ་དག་ནི་ཚོགས་པ་མང་པོའི་ལམ་ལུགས། ལྟ་བ་སྣ་མང་། མངའ་སྡེའི་ལམ་ལུགས། སྒེར་བདག་ཅན་དུ་བསྒྱུར་བ། དབང་ཆ་ཁག་བགོས་དང་། གྲོས་ཚོགས་གཉིས་ལྡན་ཅན་གྱི་ཆབ་སྲིད་ལམ་ལུགས་བཅས་རྣམས་ཡིན་པར་བརྗོད་འདུག
ཕྱི་ལོ་ ༢༠༡༣ ལོར་ཁོ་ལས་གནས་སུ་འབྱོར་མ་ཐག་ཁོས་ང་ཚོས་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་དཔེ་མཚོན་རྩ་བ་ནས་པར་བཤུས་བྱེད་ཀྱི་མ་རེད་ཅེས་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་རྣམས་ངེས་པར་དུ་ཚོགས་པའི་འགོ་ཁྲིད་ལ་མཐའ་གཅིག་ཏུ་གཞོལ་དགོས་པར་བརྗོད་པའི་སྐོར་བཀོད་ཡོད་འདུག དེ་བཞིན་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་གནས་ཚུལ་དུ། ཝུ་ཁྲིམས་བཟོ་ལྷན་ཁང་ནང་འདུག་ཡུན་རིང་གྲུབ་འབྲས་གལ་ཆེན་ཞིག་ནི་ཁ་བྲལ་བ་ངོ་རྒོལ་གྱི་བཅའ་ཁྲིམས་བསྐྱར་བཅོས་ལ་གཙོ་སྐྱོང་བྱས་པ་དེ་ཡིན་ཚུལ་བརྗོད་འདུག་ལ།
ཕྱི་ལོ་ ༢༠༠༥ ལོའི་ཁ་བྲལ་ལ་ངོ་རྒོལ་བའི་བཅའ་ཁྲིམས་ཀྱིས་པེ་ཅིང་གིས་ཐའེ་ཝན་དེ་ཟླ་སྒྲིལ་གཏོང་ཐབས་ཆེད་ཞི་བདེ་མིན་པའི་ཐབས་ལམ་ཞིག་བེད་སྤྱོད་བྱེད་རྒྱུའི་གནས་སྟངས་གསལ་བཀོད་བྱས་པའི་ཁྲིམས་ལུགས་ཀྱི་རྨང་གཞི་བསྐྲུན་ཡོད་པར་བཤད། འོན་ཀྱང་། པེ་ཅིང་གིས་བཅའ་ཁྲིམས་དེའི་ནང་བཤད་པ་བཞིན་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་ལག་བསྟར་བྱ་རྒྱུ་ཡིན་མིན་ཐད་གསལ་བཤད་བྱས་ཡོད་མི་འདུག
ཨ་རི་ཚུད་པའི་རྒྱལ་ཁབ་མང་ཆེ་བས་ཐེ་ཝན་ལ་རང་བཙན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱི་མེད་ཀྱང་། ཝ་ཤིང་ཊོན་གྱིས་གླིང་ཕྲན་དེ་དྲག་ཤུགས་ཀྱིས་བཙན་བཟུང་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད་ལ། ཐའེ་ཝན་ལ་རང་སྲུང་ཆེད་དུ་གོ་མཚོན་མཁོ་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་ཅེས་བརྗོད།
ཁོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་འཛིན་གྱི་གོ་གནས་ཐོག་ཏུ་ལས་དོན་སྒྲུབ་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་པི་ལོ་སི་དང་ཐེངས་མང་པོར་འབྲེལ་འདྲིས་བྱས་ཡོད་འདུག དེའི་ཁོངས་སུ་ནན་སི་པི་ལོ་སི་པེ་ཅིང་དུ་འཚམས་གཟིགས་སུ་ཕེབས་སྐབས་སྣེ་ལེན་བྱས་པ་དང་། དེ་བཞིན་ཁོས་རང་ཉིད་ཨ་རིར་ལྟ་སྐོར་འགྲོ་སྐབས་ནན་སི་པི་ལོ་སི་དང་ཐུག་འཕྲད་བྱས་ཡོད་འདུག
ཝུས་ཆབ་སྲིད་ཀྱི་ཆེད་ལས་འགོ་འཛུགས་དེ་(Shanghai)ཧྲང་ཧའེ་ནས་བྱས་པ་རེད་འདུག་ལ།ཕྱི་ལོ་ ༡༩༦༧ ལོར་པེ་ཅིང་གི་ཆིང་ཧྭ་སློབ་ཆེན་ནས་རླུང་འཕྲིན་འཕྲུལ་རིག་གི་ཞིབ་འཇུག་སློབ་མཐར་ཕྱིན་རྗེས། ལོ་ངོ་བཅུ་ཕྲག་མང་པོའི་རིང་ཧྲང་ཧའེ་རུ་ལས་ཀ་བྱས་ཡོད་འདུག
ཕྱི་ལོ་ ༡༩༩༡ ནས་བཟུང་། ཝུས་ལོ་གསུམ་རིང་ཧྲང་ཧའེ་དམར་ཤོག་ཚོགས་པའི་དྲུང་ཆེའི་ཐོག་ལས་དོན་སྒྲུབ་ཡོད་འདུག་ལ། དེ་ནི་རྒྱ་ནག་གི་དཔལ་འབྱོར་ལྟེ་གནས་གལ་ཆེན་པོ་ཡོད་སའི་མི་སྣ་གལ་ཆེ་ཤོས་དེ་ཡང་བྱས་མྱོང་ཡོད་ཅིང་། དེ་རྗེས་ཁོ་དམར་ཤོག་དྲུང་ཆེ་ལས་ཁུངས་ཀྱི་ཚོགས་མིར་གནས་སྤར་བྱས་ཡོད་འདུག སྲིད་འཛིན་ཟུར་པ་ཅང་ཙེ་མིན་གྱིས་ཕྱི་ལོ་ ༡༩༨༧ ནས་ ༡༩༨༩ བར་ཧྲང་ཧའེ་དམར་ཤོག་དྲུང་ཆེ་བྱེད་སྐབས། ཝུ་ནི་ཧྲང་ཧའེ་དབུས་ལས་ཁུངས་སུ་གནས་སྤར་བྱུང་བའི་ལས་བྱེད་ཉུང་ཤས་ཀྱི་ཁོངས་སུ་ཚུད་ཡོད་འདུག
འོན་ཀྱང་ཉེ་བའི་ལོ་ཁ་ཤས་ནང་ཁོ་ཏང་གི་རྒན་རབས་ཚོས་མཉམ་ཞུགས་བྱས་པའི་མཛད་སྒོ་འགའ་ཤས་ལ་སོང་ཡོད་མི་འདུག དཔེར་ན། ཕྱི་ལོ་ ༢༠༢༢ ལོའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། ཟླ་སྔོན་མའི་ཟླ་མཇུག་ཏུ་རྒྱ་ནག་རྒྱལ་ཁབ་འགོ་བཙུགས་ནས་ནས་ལོ་ ༧༥ འཁོར་བའི་དུས་དྲན་རྟེན་འབྲེལ་ཆེད་རོལ་དབྱངས་འཁྲབ་སྟོན་བཅས་ལ་སོང་ཡོད་མི་འདུག
ཝུས་ཕྱི་ལོ་ ༡༩༩༥ ནས་ ༢༠༠༢ བར་སྲིད་བློན་གཞོན་པའི་གོ་གནས་ཐོག་ཏུའང་ལས་དོན་སྒྲུབ་མྱོང་ཡོད་འདུག་ལ། གཞུང་འབྲེལ་འདས་མཆོད་ཡི་གེའི་ནང་། ཁོས་རྒྱལ་ཁབ་བདག་གཉེར་གྱི་ཁེ་ལས་བཅོས་བསྒྱུར་ལ་སྐུལ་འདེད་བྱས་པ་དང་། (the Three Gorges Dam)ཆུ་རགས་ལྟ་བུའི་རྒྱ་ཆེ་བའི་རྨང་གཞིའི་འཛུགས་སྐྲུན་ལས་གཞི་གལ་ཆེན་ནང་ལ་ཞབས་འདེགས་ཞུས་ཡོད་པར་བསྔགས་བརྗོད་བྱས་འདུག
ཕྱི་ལོ་ ༢༠༡༣ ལོར་བགྲེས་ཡོལ་ཕྱིན་རྗེས། ཝུས་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་དང་ཁོས་ལྐོག་ས་རུལ་སུངས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་འདུག་པ་མ་ཟད། དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་ཞིབ་འཇུག་ནན་པོ་བྱེད་དགོས་པར་ཡང་བརྗོད་ཡོད་འདུག ཝུའི་བུ་(Wu Lei)ཝུ་ལའེ་ནི་ཧྲང་ཧའེ་ནང་ཡོད་པའི་གཞུང་གི་ཚོང་གཉེར་ཁང་ཧྲང་ཧའེ་གློག་ཁང་གི་ཚོགས་གཙོ་དང་དམར་ཤོག་དྲུང་ཆེ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།