ནུབ་ཕྱོགས་སུ་འགྲོ་བའི་དར་སོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༥༥༦ ཕྱི་ལོ་ ༢༠༡༥/༨/༡༩

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་མི་ཕལ་མོ་ཆེ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་བསྐྱོད་རྒྱུའི་འཆར་གཞི་དང་རེ་བ་མེད་མཁན་ཞིག་ཕལ་ཆེར་མེད་ཚོད་དུ་སྣང་ལ། བླ་མ་མི་དཔོན་ནས་མི་མང་དཀྱུས་མའི་བར་རྒྱ་ཁྱབ་ཏུ་ཡོད་པའི་ལྟ་ཚུལ་ཞིག་ཏུ་གྱུར་ཡོད། ད་ལྟའི་ཆར་དགོན་པ་གྲྭ་ཚང་གི་ནང་དུ་གྲྭ་པ་བྱེད་མཁན་དཀོན་ནས་དཀོན་དུ་འགྲོ་བ་དང། སྔར་ཡོད་ཚོའི་ནང་ནས་ཀྱང་འགྲོ་ཐུབ་མཁན་ཕལ་ཆེ་བ་ཞིག་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་འགྲོ་དང་འགྲོ་བཞིན་ཡོད། དེ་བཞིན་སློབ་གྲྭ་ཁག་གི་དགེ་རྒན་ལས་བྱེད་དང། ཚོགས་སྡེ་ཁག་གི་འགོ་ཁྲིད་སོགས་ཀྱང་འཚང་ཁ་ཤིག་ཤིག་གིས་ཕྱི་རྒྱལ་དུ་འགྲོ་གང་ཐུབ་བྱེད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པའི་ནང་ནས་ཀྱང་ནུབ་ཕྱོགས་སུ་བསྐྱོད་མཁན་སྔར་ནས་མང་པོ་ཡོད་ལ། ད་ལྟའི་ཆར་ཡང་མུ་མཐུད་ནས་འགྲོ་མཁན་མང་པོ་ཡོད། དེ་དག་གི་རྒྱུ་རྐྱེན་གཙོ་བོ་དཔལ་འབྱོར་ཡར་རྒྱས་དང་འཚོ་བའི་སྤུས་ཚད་ཡག་ཏུ་གཏོང་རྒྱུའི་ཆེད་དུ་དམིགས་ཡོད་པ་ནི་སྨྲོས་མ་དགོས་པ་རེད།

བཙན་བྱོལ་སྤྱི་ཚོགས་ཧྲིལ་པོའི་བསམ་ཚུལ་གྱི་ཁ་ཕྱོགས་བསྒྱུར་དགོས་ན་ཧ་ཅང་དཀའ་ལས་ཁག་པོ་ཡིན་པ་དང། མི་ཚང་མའི་དགོས་མཁོ་སྐོང་ཐུབ་པ་ཙམ་མ་ཡིན་པར་འདོད་པ་ཆ་ཚང་སྐོང་ཐུབ་པའི་ནུས་པ་ཞིག་བཙན་བྱོལ་པའི་སྒྲིག་འཛུགས་ཤིག་ལ་མེད་པ་ནི་དེ་བས་ཀྱང་སྨྲོས་མི་དགོས་པ་རེད། དེར་བརྟེན་སྤྱི་ཚོགས་རང་ངོས་ནས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ལྟ་ཚུལ་དེར་འགྱུར་བ་ཆེན་པོ་ཞིག་མ་བྱུང་གི་བར་དུ་བོོད་མིའི་སྒྲིག་འཛུགས་དང། དེའི་འགོ་ཁྲིད་མཁན་གྱི་ངོས་ནས་འགྱུར་བ་གཏོང་ཐུབ་ཐབས་མེད་པ་ནི་ཧ་ཅང་གསལ་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པའི་ནང་ནས་ཕྱི་རྒྱལ་གྱི་སྐུ་ཚབ་དོན་གཅོད་ཁག་ཏུ་ཕྱག་ལས་གནང་མཁན་ཕལ་ཆེ་བས། ཐོག་མ་རང་ཉིད་རྒྱལ་ཁབ་དེའི་མི་སེར་ཆགས་རྒྱུར་ཤུགས་རྒྱག་པ་དང། དེའི་རྗེས་སུ་གཞུང་གིས་དྷ་སར་གནས་སྤོ་བྱེད་སྐབས་རྩ་དགོངས་ཞུས་ནས་མི་བཅར་མཁན་ཡང་མང་པོ་ཡོད་ལ། ཚུར་བཅར་ཡང་ནང་མི་བུ་ཕྲུག་ཕྱི་རྒྱལ་དུ་བཞག་ནས་རང་ཉིད་ཀྱང་འཕུར་ཆོག་ཆོག་བྱས་ཡོད།

དེ་བཞིན་དགོན་སྡེ་ཁག་གི་བླ་སྤྲུལ་དང། མཁན་པོ་དགེ་བཤེས་བཅས་ཀྱི་གདུལ་བྱ་འཕྲིན་ལས་ནུབ་ཕྱོགས་དང། དེང་སྐབས་རྒྱའི་སྤྱི་ཚོགས་སུ་རྒྱས་ཡོད་པ་ལས་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གྱི་ས་ཆ་ཁག་ནི་ཁོང་རྣམ་པའི་ཐུགས་བག་ཕེབས་པོ་བྱས་ནས་བཞུགས་སའི་ཁོར་ཡུག་ཅིག་ཏུ་བརྩི་བཞིན་མེད་ཅེས་བརྗོད་ཆོག ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་བསྐྱོད་དང་མི་བསྐྱོད་ཀྱི་ས་མཚམས་ནི། གོ་སྐབས་ཡོད་མེད་དང། གྲ་སྒྲིག་ཐུབ་མིན་ལ་ཁོ་ན་རག་ལས་པ་ལས་གཏན་ནས་མི་འགྲོ་མཁན་ཞིག་དཀོན་ཚོད་དུ་གྱུར་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པའང་མང་ཆེ་བ་རྒྱལ་ཁབ་གཞན་གྱི་མི་སེར་ཡིན་པ་ལས། རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་(RC)འཛིན་མཁན་དཀོན་དུ་འགྲོ་བཞིན་ཡོད། བསམ་བློའི་ཁ་ཕྱོགས་འདི་ལ་བརྟེན་ནས་གཞུང་ཞབས་ལས་བྱེད་པ་དང། ཚོགས་པ་ཁག་གི་རྒྱུན་ལས། སློབ་གྲྭ་ཁག་གི་དགེ་ལས། དགོན་པ་ཁག་གི་གྲྭ་རྒྱུན་སོགས་རྩ་དགོངས་ཞུ་མཁན་མང་དུ་འགྲོ་བཞིན་པའི་རྒྱུ་མཚན་གཙོ་བོ་རུ་གྱུར་ཡོད།

བསམ་བློ་འདིའི་རྒྱབ་ལྗོངས་གཙོ་བོ་གོང་དུ་བརྗོད་པ་བཞིན་དཔལ་འབྱོར་གྱི་གནད་དོན་ཁོ་ན་རུ་ཐུག་ཡོད་པ་དང། འཚོ་བའི་སྤུས་ཚད་གཞི་རིམ་ནས་ཡག་ཏུ་གཏོང་རྒྱུའི་ཆེད་དུ་དམིགས་ཡོད་པའང་གསལ་པོ་རེད། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་གང་མང་ཞིག་ཏུ་བོད་མི་སླེབས་ཡོད་པ་དང། བོད་དོན་དྲིལ་བསྒྲགས་ཀྱི་ཐོག་ནས་ནུས་པ་ཤུགས་ཆེ་རུ་སོང་ཡོད། རྒྱལ་ཁབ་མང་པོ་ཞིག་ཏུ་བོད་དོན་རྒྱབ་སྐྱོར་གྱི་ཚད་གཞི་མཐོ་རུ་སོང་བ་དང། བོད་པའི་ཆོས་དང་རིག་གནས་ངོ་ཤེས་མཁན་ཡང་མང་པོ་བྱུང་ཡོད། ལྷག་པར་དུ་ནང་མི་མང་པོ་ཞིག་ཕྱི་རྒྱལ་དུ་སོང་ནས་རོགས་རམ་བྱས་པ་ལ་བརྟེན། བཙན་བྱོལ་བོད་མི་གནས་སྡོད་བྱེད་མཁན་རྒྱ་བལ་འབྲུག་གསུམ་ཁུལ་གྱི་ཁྱིམ་ཚང་མང་པོ་ཞིག་གི་འཚོ་བའི་གནས་སྟངས་ཡག་ཏུ་སོང་བ་འདིའང་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཤིག་ཏུ་བརྩི་འོས་པ་དང། ནང་མི་ཕྱི་རྒྱལ་དུ་མེད་མཁན་དག་ལ་མཚོན་ནའང་འགྲན་སྡུར་གྱི་བསམ་བློ་ཞིག་དང། ཡོད་ཚད་བློས་བཏང་ནས་ཕྱི་རྒྱལ་དུ་བསྐྱོད་རྒྱུའི་མིག་དཔེ་འམ་བསམ་བློའི་སྐུལ་འདེད་ཅིག་ཏུ་གྱུར་ཡོད།

ཕྱོགས་གཅིག་ནས་བོད་མི་རིགས་ཀྱི་དགོས་མཁོ་དང། དཀའ་ངལ་ངོ་མ་དེ་འཚོ་བའི་སྤུས་ཚད་ཞན་པ་གཅིག་པུར་ཐུག་མེད། བོད་པའི་དབུ་ཁྲིད་དག་གིས་བོད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་དེ་བོད་པའི་ཆོས་དང་རིག་གནས་རྒྱུན་འཛིན་ཐུབ་མིན་དེ་ཡིན་ཚུལ་བརྗོད་པ་ལྟར་ན། བོད་མི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་མཁན་རྣམས་ཀྱི་ངོས་ནས་ཆོས་དང་རིག་གནས་རྒྱུན་འཛིན་བྱེད་མི་ཐུབ་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱེས་ཤིང་འཚར་ལོང་བྱུང་བའི་ན་གཞོན་དག་ལ་བོད་ཀྱི་རིག་གནས་ཀྱི་གོ་རྟོགས་མེད་པ་མ་ཟད། བོད་སྐད་ཐར་ཐོར་ཙམ་རྒྱག་ཤེས་ན་གཟི་བརྗིད་དུ་བརྩི་དགོས་པའི་ཚད་དུ་ཡོད་པས། འཐབ་རྩོད་ཀྱི་དམིགས་ཡུལ་ཐོག་ནས་བཤད་ན་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱེད་མི་རུང་སྙམ། འོན་ཀྱང་འཕྲལ་ཕུགས་ཀྱི་དགོས་མཁོ་གཉིས་ཀ་ཡང་ལྗིད་བཏེགས་ཏེ་བལྟས་ན་ཁ་ཚོན་བཅད་ནས་ནོར་ཡོད་མེད་བཤད་དཀའ་ཞིང། མདོར་ན་གཞུང་ཞབས་པ་མང་པོ་རྩ་དགོངས་ཞུས་པ་ལྟ་བུར་མཚོན་ནའང་འཛིན་སྐྱོང་སྐབས་གཅིག་གི་བྱེད་སྟངས་ཁོ་ན་ལ་རག་ལས་མེད་པར་བོད་པའི་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་ཤིག་ཏུ་གྱུར་ཟིན།།