ནེ་ཇི་རི་ཡའི་ནང་དུ་བཙན་ཁྲིད་བྱས་པའི་སློབ་ཕྲུག་༣༤༤ གློད་གྲོལ་བཏང་ཡོད་འདུག
ཉེ་ཆར་ནེ་ཇི་རི་ཡ་ནང་དུ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་བྷོ་ཀོ་ཧ་རམ་གྱིས་སློབ་ཕྲུག་བུ་མང་པོ་ཞིག་བཙན་ཁྲིད་བྱས་རྗེས། རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ནས་སེམས་འཚབ་དང་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད་པ་རེད། ད་ལྟའི་ཆར་སློབ་ཕྲུག་༣༤༤ གློད་གྲོལ་ཐོབ་ཡོད་འདུག་ཀྱང་། བཙན་ཁྲིད་བྱས་པ་ཚང་མ་གློད་གྲོལ་ཐོབ་ཡོད་མེད་གསལ་པོ་ཤེས་ཀྱི་མེད་འདུག
ཟླ་༡༢ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༧ ཉིན་ནེ་ཇེ་རི་ཡའི་ཀཱེཌ་སི་ན་མངའ་སྡེའི་སྤྱི་ཁྱབ་དཔོན་གྱིས་བརྙན་འཕྲིན་བརྒྱུད་ནས། ཚེས་༡༡ ཉིན་ཁུལ་དེ་ནས་བཙན་ཁྲིད་བྱས་པའི་སློབ་ཕྲུག་༣༤༤ གློད་གྲོལ་ཐོབ་ཡོད་པ་དང་། ཁོ་ཚོ་ཚང་མར་འཕྲོད་བསྟེན་བརྟག་དཔྱད་བྱས་རྗེས་ཕྱིར་ཕ་མ་དང་ནང་མི་སྤུན་མཆེད་ལྷན་དུ་མཉམ་འཛོམས་བྱེད་ཐུབ་རྒྱུ་ཡིན་སྐོར་བསྒྲགས་འདུག་པས། ཁུལ་དེར་མི་མང་ཚོས་དགའ་བསུ་ཆེན་པོ་བྱེད་བཞིན་འདུག
དེ་ཡང་ཚེས་༡༡ ཉིན་སྦག་སྦག་ཞོན་མཁན་དྲག་སྤྱོད་པ་༡༠༠ ལས་མང་བ་ཞིག་གིས། ནི་ཇེ་རི་ཡའི་བྱང་ནུབ་ཁུལ་དུ་བུ་རྐྱང་པ་ཡིན་པའི་སློབ་གྲྭ་ཞིག་གི་ནང་དུ་མེ་མདའ་ཁྱེར་ནས་དཔུང་རྒོལ་བྱས་ཏེ། སློབ་ཕྲུག་མང་པོ་ཞིག་བཙན་ཁྲིད་བྱས་ཏེ། རྒྱལ་ཁབ་དེའི་ནང་མི་མང་དཀྱུས་མའི་བདེ་འཇགས་ཀྱི་གནས་སྟངས་ཞན་པོ་ཡིན་པ་གསལ་སྟོན་བྱས་འདུག ཚེས་༡༥ ཉིན་ཁུལ་དེའི་འཇིགས་སྐུལ་རིང་ལུགས་ཚོགས་པ་ཆེ་ཤོས་བྷོ་ཀོ་ཧ་རམ་ཞེས་པ་དེས། བཙན་ཁྲིད་བྱེད་མཁན་ཁོ་ཚོ་ཡིན་པ་ངོས་ལེན་བྱས་འདུག ཚོགས་པ་དེའི་མིང་གི་གོ་དོན་ནི་ནུབ་ཕྱོགས་ཀྱི་ཤེས་ཡོན་བཀག་སྡོམ་ཡིན་ཞེས་པར་གོ་ཡི་འདུག
ད་ལྟའི་ཆར་འཇིགས་སྐུལ་ཚོགས་པ་དེས་སློབ་ཕྲུག་བུ་ག་ཚོད་བཙན་ཁྲིད་བྱས་ཡོད་པའི་ཁ་གྲངས་ཏག་ཏག་ཅིག་ཤེས་ཀྱི་མེད་འདུག་པས། མངའ་སྡེའི་སྤྱི་ཁྱབ་དཔོན་གྱིས་བཙན་ཁྲིད་བྱས་པའི་སློབ་ཕྲུག་ཕལ་ཆེ་བ་གློད་གྲོལ་ཐོབ་པ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག
དེ་ཡང་རྒྱལ་ཁབ་དེའི་སྲིད་འཛིན་གྱི་ལས་རོགས་ཤིག་གིས་བརྗོད་དོན་ལ། འཇིགས་སྐུལ་ཚོགས་པ་སློབ་ཕྲུག་རྣམས་བཙན་ཁྲིད་བྱས་ཏེ་བཀག་ཉར་བྱེད་ཡུལ་དེ་རྒྱལ་ཁབ་ཀྱི་དམག་མིས་མཐའ་བསྐོར་ནས། མེ་མདའ་གཅིག་ཀྱང་མ་བརྒྱབ་པར། སློབ་ཕྲུག་རྣམས་བདེ་འཇགས་ངང་གློད་གྲོལ་གཏོང་བའི་རེ་སྐུལ་བྱས་པ་ལྟར་དེ་ལྟར་བྱུང་ཡོད་སྐོར་བརྗོད་འདུག
ད་ལྟའི་ཆར་སློབ་ཕྲུག་རྣམས་ཀྱི་ཕ་མ་སྤུན་མཆེད་རྣམས་དགའ་སྤྲོ་ཆེན་པོ་བྱེད་བཞིན་ཡོད་འདུག་ཀྱང་། དཔྱད་བརྗོད་པ་ཞིག་གིས་འཇིགས་སྐུལ་ཚོགས་པ་དེས་ནམ་རྒྱུན་དང་མི་འདྲ་བར་ཁུལ་དེའི་སློབ་ཕྲུག་མང་པོ་ཞིག་བཙན་ཁྲིད་བྱས་པ་དེ་ནི་སེམས་འཚབ་འོས་པ་ཞིག་ཡིན་པ་དང་། བཙན་ཁྲིད་དེ་ནི་ཤེས་ཡོན་ལ་འཐབ་རྒོལ་བྱས་པ་ཞིག་ཡིན་ཁར། དུས་ཡུན་རིང་པོར་གནས་པའི་ཤུགས་རྐྱེན་ཡོད་སྲིད་པ། ཕ་མ་ཚོས་ཕྲུ་གུ་རྣམས་སློབ་གྲྭ་གཏོང་བའི་གདེང་ཚོད་ལ་ཡང་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ། གཞུང་གིས་སློབ་ཕྲུག་དང་གཞོན་སྐྱེས་རྣམས་སྲུང་སྐྱོབ་བྱེད་པའི་ནུས་པའི་ཐོག་དོགས་འདྲི་ཆེན་པོ་ཞིག་སླེབས་ཀྱི་ཡོད་སྐོར་བརྗོད་འདུག
ཕྱི་ལོ་༢༠༡༤ ལོར་འཇིགས་སྐུལ་ཚོགས་པ་དེས་སློབ་ཕྲུག་བུད་མེད་༢༧༦ ཞིག་བཙན་ཁྲིད་བྱས་ནས་རྒྱལ་སྤྱིའི་ནང་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད། བུད་མེད་མང་པོ་ཞིག་གློད་གྲོལ་བྱུང་ཡོད་ཀྱང་སྤྱི་ཚོགས་ནས་བུད་མེད་དེ་དག་ལ་ལྟ་སྟངས་ངན་པ་དང་ངོས་ལེན་མི་བྱེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག འཇིགས་སྐུལ་ཚོགས་པ་དེས་ཨེ་སི་སི་འཇིགས་སྐུལ་ཚོགས་པར་རྒྱབ་སྐྱོར་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་མ་ཟད། གསང་བའི་ལས་ཁུངས་མང་པོ་ཞིག་གིས་ཚོགས་པ་དེ་ལ་བརྟེན་ནས་ཨ་ཧྥེ་རི་ཀའི་གླིང་ཕྲན་ནང་འཇིགས་སྐུལ་རིང་ལུགས་པའི་དབང་ཤུགས་ཆེ་རུ་འགྲོ་སྲིད་པའི་སེམས་འཚབ་བྱེད་བཞིན་འདུག
རྒྱལ་ཁབ་དེའི་སྲིད་འཛིན་བྷུ་ཧཱ་རཱི་ལ་ཕྱི་ལོ་༢༠༡༥ ལོར་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་སྐབས། ཁོང་གིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེར་ཁ་གཏད་གཅོག་རྒྱུའི་ལས་ཀ་དེ་གལ་ཆེ་ཤོས་ཆགས་ཀྱི་ཡོད་སྐོར་བརྗོད་འདུག་ཀྱང་། ཁོང་ལ་རྒྱལ་ཁ་ཐོབ་པའི་རྗེས་སུ་རྒྱལ་ཁབ་དེའི་བྱང་ཁུལ་དུ་བདེ་འཇགས་ཀྱི་གནས་སྟངས་ཉམས་རྒུད་ཕྱིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།