ནེ་ཊོའི་དར་ཆ་ལ་ཁྲག་གཏོར་ནས་ངོ་རྒོལ་བྱས་འདུག
ཨ་རིའི་འགོ་ཁྲིད་པའི་དམག་དོན་གྱི་སྒྲིག་འཛུགས་ཆེ་ཤོས་(NATO) ཞེས་པའི་སྒྲིག་འཛུགས་དེ་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག
ཟླ་འདིའི་ཚེས་༢༨ ཉིན་(Hindustan) དུས་བབ་གསར་ཁང་གིས་གནས་སྤེལ་གསལ་ལྟར་ན། ཡུག་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་མོ་དོ་ཝ་(Moldova) ཞེས་པའི་ནང་དུ་ཨ་རིའི་འགོ་ཁྲིད་པའི་དམག་དོན་སྒྲིག་འཛུགས་ནེ་ཊོ་(NATO) ཞེས་པ་དེ་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

སྐབས་དེ་མོ་དོ་ཝ་གྲོས་ཚོགས་འཐུས་མི་ཨེ་ལེ་ཛན་ཌ་(Alexander Nesterovsky) ཟེར་བ་ཞིག་གིས་ནེ་ཊོའི་དར་ཆ་ཙག་གཤག་བཏང་བ་མ་ཟད་དར་ཆའི་ཐོག་ཁྲག་གཏོར་ནས་ངོ་རྒོལ་བྱས་འདུག ཁོང་གིས་ཁྲག་དེ་ནི་ནེ་ཊོ་ཡིས་བསད་པའི་བྱིས་པ་དང་མི་སེར་ཚོའི་ཁྲག་མཚོན་གྱི་ཡོད་ཅེས་དང་། ཞི་བདེ་ལྷིང་འཇགས་སུ་གནས་པའི་མོ་དོ་ཝ་ཡི་རྒྱལ་ཁབ་ནང་ལ་ནེ་ཊོ་ལ་གོ་གནས་དང་ས་ཆ་གང་ཡང་མེད་པས་གནད་དོན་དེ་ནེ་ཊོའི་ཚོགས་མི་རྒྱལ་ཁབ་དག་གིས་ཤེས་པ་གྱིས་རོགས། མོ་དོ་ཝ་ཡི་མི་མང་ཚོས་ང་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་ཅེས་བརྗོད་འདུག
མོ་དོ་ཝ་ཞེས་པའི་རྒྱལ་ཁབ་དེ་ནི་ནེ་ཊོ་ཡི་ནང་དུ་འཛུལ་འདོད་མེད་མཁན་ཞིག་དང་། ཡུག་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཆགས་ཡོད་འདུག། ཕྱོགས་གཉིས་བར་ས་ཆ་ཀི་ལོ་མི་ཊར་༩༨༥ ཙམ་གྱི་ས་མཚམས་ཡོད་འདུག
ཉེ་ཆར་མོ་དོ་ཝ་རྒྱལ་ཁབ་ཀྱི་ནང་དུ་ནེ་ཊོ་ཞེས་པའི་དམག་དོན་སྒྲིག་འཛུགས་ཀྱི་ནང་དུ་མཉམ་ཞུགས་བྱེད་འདོད་ཡོད་མེད་ཀྱི་བསམ་ཤོག་བསྡུ་ལེན་ཞིག་བྱེད་པའི་སྐབས། མི་མང་བརྒྱ་ཆ་༥༥% ཡིས་དགག་བྱ་བྱས་ཡོད་པ་དང་། རྒྱབ་སྐྱོར་བྱེད་མཁན་མི་མང་བརྒྱ་ཆ་༢༧% མ་གཏོགས་བྱུང་མེད་པ་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།