ནེ་དྷར་ལན་ཌིའི་གྲོས་ཚོགས་ནང་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་བཟོ་ཡི་ཡོད་པར་ངོས་འཛིན་བྱས་འདུག

 ཨ་རི་དང་དང་ཁ་ན་ཊ་གཉིས་ཀྱིས་རྒྱ་ནག་གིས་ཤར་ཏུར་ཀི་ཤི་ཐན་དུ་ཡུ་གུར་མི་རིགས་རྩ་མེད་བཟོ་བཞིན་ཡོད་པར་ངོས་འཛིན་བྱས་རྗེས། ཡུ་རོབ་ཀྱི་རྒྱལ་ཁབ་ནེ་དྷར་ལན་ཌི་(Netherland) ཡི་གྲོས་ཚོགས་ནས་ཀྱང་དེ་ལྟར་ངོས་འཛིན་བྱས་འདུག 

ཕྱི་ཟླ་༢ ཚེས་༢༦ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ནེ་དྷར་ལན་ཌི་ཡི་གྲོས་ཚོགས་ནས་བདུན་འདིའི་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་བྱ་སྤྱོད་དེ་མི་རིགས་རྩ་མེད་ཀྱི་ཚད་དུ་བསླེབས་ཡོད་པར་ངོས་འཛིན་བྱས་པར་བརྟེན། ནེ་དྷར་ལན་ཌི་རྒྱ་ནག་གིས་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་ངོས་འཛིན་བྱེད་མཁན་གྱི་ཡུ་རོབ་ཀྱི་རྒྱལ་ཁབ་ཆེས་ཐོག་མ་དེ་ཆགས་ཡོད་འདུག 

འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཉམས་ཞིབ་པ་ཚོས། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་ཤར་ཏུར་ཀི་སི་ཐན་དུ་མ་མཐར་ཡང་གུ་གུར་བ་ས་ཡ་གཅིག་ལྷག་བཙོན་སྒར་(concentration camps) དུ་བཀག་ཉར་བྱས་ཡོད་སྐོར་བཤད་ཀྱི་ཡོད་ལ། ཕྱིའི་རྒྱལ་ཁབ་ལ་བྲོས་བྱོལ་དུ་ཡོང་མཁན་གྱི་ཡུ་གུར་བ་ཚོས་རྒྱ་ནག་གིས་བཙོན་ཁང་དུ་རྒྱག་རྡུང་བྱེད་པ་དང་། བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་པ། བཙན་གྱིས་བུད་མེད་རྣམས་མངལ་འཁོར་བའི་ནུས་པ་མེད་པ་བཟོ་བ་བཅས་ཀྱིས་གཙོས་པའི་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་བདེན་དཔང་བྱེད་ཀྱི་ཡོད་པ་རེད། 

ཡིན་ན་ཡང་། རྒྱ་ནག་གིས་བཙོན་སྒར་དེ་དག་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་(vocational training centres) ཡིན་པ་དང་། དེ་དག་དྲག་སྤྱོད་རིང་ལུགས་མེད་པ་བཟོ་བའི་ཆེད་དུ་དགོས་ངེས་ཤིག་ཆགས་ཡོད་ཚུལ་ཁོ་ན་བཤད་དེ་ཡུ་གུར་མི་རིགས་རྩ་མེད་བཟོ་བཞིན་ཡོད་པའི་གནས་ཚུལ་དེ་གཏན་ནས་ཁེས་ལེན་བྱེད་ཀྱི་མེད། 

ནེ་དྷར་ལན་ཌའི་གྲོས་ཚོགས་ཀྱི་གྲོས་འཆར་དེའི་ནང་། “སྐྱེ་སྒོ་འགོག་ཐབས་”དང་། “ཉེས་ཆད་གཅོད་སའི་བཙོན་སྒར་འཛུགས་སྐྲུན་”ལྟ་བུའི་རྒྱ་ནག་གཞུང་གི་བྱ་སྤྱོད་རྣམས་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་མཐུན་དོན་ཚད་༢༦༠ འམ། ཡོངས་གྲགས་སུ་མི་རིགས་རྩ་མེད་ཀྱི་གྲོས་མཐུན་དང་འགལ་ཡོད་ཅེས་འཁོད་ཡོད་འདུག 

ནེ་དྷར་ལན་ཌིའི་གྲོས་ཚོགས་སུ་གྲོས་འཆར་དེ་འདོན་མཁན་གྱི་ཁྲིམས་བཟོ་བ་སོ་ཇོར་ཌི་(Sjoerd Sjoerdsma) ཡིས་དེ་མིན་གྱི་གྲོས་འཆར་གཞན་ཞིག་བཏོན་པའི་ནང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལྷན་ཚོགས་(International Olympic Committee) ལ་ ༢༠༢༢ ལོའི་དགུན་ཁའི་རྩེད་འགྲན་ཆེན་མོ་པེ་ཅིང་ནས་གྲོང་ཁྱེར་གཞན་དུ་སྤོ་བའི་དགོས་འདུན་བཏོན་ཡོད་འདུག 

བདུན་ཕྲག་འདིའི་འོག་ན་ཁ་ན་ཊའི་གྲོགས་ཚོགས་སུ་“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡུ་གུར་མི་རིགས་དང་ཁ་ཆེའི་མི་རིགས་གཞན་རྣམས་རྩ་མེད་བཟོ་བཞིན་ཡོད་”མེད་ཀྱི་འོས་བསྡུས་བྱས་པར། གྲོས་ཚོགས་འཐུས་མི་༢༦༦ གིས་རྒྱ་ནག་གི་བྱ་སྤྱོད་དེ་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་ཡིན་པའི་འོས་འཕངས་ཡོད་པ་རེད། 

རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ཡིན་པའི་ངོས་འཛིན་བྱེད་མཁན་དང་། ༢༠༢༢ ལོའི་དགུན་ཁའི་རྩེད་འགྲན་ཆེན་མོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་གནས་གཞན་དུ་སྤོ་བའི་དགོས་འདུན་འདོན་མཁན་ཇེ་མང་དང་ཤུགས་ཇེ་ཆེར་འགྱུར་བཞིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།