པ་ཀི་སི་ཐན་གྱི་ནང་འཁྲུག་དང་རྒྱ་ནག་ལ་དཔལ་འབྱོར་གྱོང་གུད་ཕོག་པའི་སེམས་འཚབ།

པ་ཀི་སི་ཐན་ནང་དུ་ཡོད་པའི་མངའ་སྡེ་ཆེ་ཤོས་གཅིག་གིས་རང་བཙན་དགོས་པའི་གསལ་བསྒྲགས་བྱས་ཡོད་འདུག་པ་དང་། ཞིང་ཆེན་དེ་ཕྱི་ལོ་༡༩༤༨ སྔོན་དུ་རྒྱལ་ཕྲན་ཆུང་ཆུང་ཞིག་ཡིན་འདུག་ཅིང་། ཕྱིས་སུ་པ་ཀི་སི་ཐན་གྱིས་བཙན་བཟུང་བྱས་ཡོད་འདུག ད་ལྟ་ས་ཁུལ་དེའི་ནང་པ་ཀི་སི་ཐན་གཞུང་གིས་དམ་དྲག་དང་བཙན་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ས་ཁུལ་དེའི་མི་མང་ཚོས་རང་བཙན་རྩོད་ཀྱི་ཡོད་འདུག
ཕྱི་ཚེས་༡༢ རྒྱ་གར་གྱི་(Firstpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་པ་ཀི་སི་ཐན་གྱི་མངའ་ཁོངས་སུ་ཡོད་པའི་(Balochistan)བྷ་ལོ་ཇེ་སི་ཐན་ཟེར་བའི་མངའ་སྡེ་དེའི་རང་བཙན་འཐབ་རྩོད་པ་དག་གིས། མངའ་སྡེ་དེ་པ་ཀི་སི་ཐན་གྱི་མངའ་ཁོངས་ནས་རང་བཙན་བྱེད་དགོས་ཀྱི་ཡོད་པའི་གསལ་བསྒྲགས་བྱས་ཡོད་འདུག ས་ཁུལ་དེ་ཕྱི་ལོ་༡༩༤༨ ལོའི་སྔོན་དུ་རྒྱལ་ཕྲན་ཆུང་ཆུང་ཞིག་ཡིན་འདུག་ཅིང་། ཕྱིས་སུ་པ་ཀི་སི་ཐན་དང་རྒྱ་གར་གཉིས་ཁ་བྲལ་དུ་ཕྱིན་ནས། པ་ཀི་སི་ཐན་དེ་རང་བཙན་རྒྱལ་ཁབ་གཅིག་ཏུ་ཆགས་རྗེས་(Balochistan)ཟེར་བའི་ས་ཁུལ་དེ་བཙན་བཟུང་བྱས་ཡོད་འདུག དུས་དེ་ནས་བཟུང་པ་ཀི་སི་ཐན་གྱིས་ས་ཁུལ་དེའི་ནང་དྲག་གནོན་དང་བཙོན་འཇུག མི་མང་འཇོན་ཐང་ཅན་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་པ་དང་། བརླགས་པ་སོགས་ཀྱིས་ས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཧ་ཅང་ཛ་དྲག་ཡིན་འདུག་པར་བརྟེན། ས་ཁུལ་དེ་ནས་པ་ཀི་སི་ཐན་གཞུང་ལ་ཁ་གཏད་གཅོག་མཁན་མི་མང་ཤོག་ཁག་དེ་འདྲ་ཡོང་ནས་ས་ཁུལ་དེ་རང་བཙན་རྩོད་ཀྱི་ཡོད་འདུག ཤོག་ཁག་དེ་དག་གི་འགོ་དཔོན་(Mir Yar Baloch)ཟེར་བ་དེ་ཡིས་ཉེ་ཆར་“Republic of Balochistan”བྷ་ལོ་ཇེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ཞིག་མིང་བཏགས་ནས་རང་བཙན་དགོས་པའི་དགོས་འདུན་བཏོན་ཡོད་འདུག གོང་གི་འགོ་དཔོན་ཁོ་རང་ལ་མཚོན་ན་རྩོམ་པ་པོ་དང་ལས་འགུལ་བ་ཞིག་ཡིན་འདུག་པ་དང་། ཁོང་གིས་ཉེ་ཆར་སྤྱི་ཚོགས་དྲྭ་ལམ་ཐོག་བྷ་ལོ་ཇེ་སི་ཐན་ཟེར་བ་དེའི་གཞུང་ཚབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འཛུགས་འཇུག་དགོས་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་བྷ་ལོ་ཇེ་སི་ཐནདེ་ཁྲིམས་མཐུན་གཞུང་ཞིག་ལ་ངོས་འཛིན་དགོས་པ། ས་ཁུལ་དེའི་ནང་གཞུང་དང་དངུལ་པ་ཀི་སི་ཐན་ནས་ཁ་ཁ་བཟོ་ཆེད་དང་། མི་མང་ཚོ་ལ་མི་སེར་ལག་འཁྱེར་བཟོ་ཆེད་བཅས་ཀྱི་ཆེད་དུ་མ་དངུལ་རོགས་སྐྱོར་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག དེ་བཞིན་འཇིགས་སྐུལ་རིང་ལུགས་པའི་རྒྱལ་ཁབ་པ་ཀི་སི་ཐན་གྱི་གཞུང་དེ། ཁ་འཐོར་འགྲོ་ལ་ཉེ་ཚུལ་བརྗོད་ནས་རྒྱ་གར་གཞུང་ལ་གཞུང་ཚབ་གསར་པ་ཞིག་འཛུགས་རྒྱུའི་རེ་འདུན་བཏོན་པའི་ཡི་གེ་ཞིག་ཕྱི་ཚེས་༩ ཉིན་དྲྭ་ཐོག་ཏུ་བཀྲམས་ཡོད་འདུག ཁོང་གིས་ཡི་གེ་དེ་བཀྲམས་པའི་རྐྱེན་གྱི་ས་ཁུལ་དེ་དག་ནང་མི་མང་ཚོས་པ་ཀི་སི་ཐན་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་འདུག་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་འདུག
བྷ་ལོ་ཇེ་སི་ཐན་ཟེར་བ་དེ་ལ་དམག་མི་ཡོད་འདུག་ཅིང་། (The Balochistan Liberation Army (BLA)བྷ་ལོ་ཇེ་སི་ཐན་བཅིངས་གྲོལ་དམག་མི་ཟེར་བའི་རུ་ཁག་གཅིག་ཡོད་འདུག་པར་བརྟེན། འདས་པའི་བདུན་ཕྲག་འགའ་ཤས་ནང་པ་ཀི་སི་ཐན་གྱི་དམག་གི་རྟེན་གཞི་དང་། ཉེན་རྟོག་ཁང་། གཞུང་ལམ་སོགས་ས་ཁུལ་༥༡ ནང་གཏོར་རྒོལ་ཐེངས་༧༡ བྱས་ཡོད་པར་རྗོད་བཞིན་འདུག ཁོང་ཚོ་ལ་དམག་དཔུང་མང་པོ་ཡོད་འདུག་ལ། དམག་དཔུང་དེ་ཕྱི་ལོ་༢༠༠༠ ཙམ་ལ་གསར་འཛུགས་བྱས་པ་ཞིག་ཡིིན་འདུག ཉེ་ཆར་དམག་དཔུང་དེ་ཡིས་གྲོང་ཁྱེར་གཅིག་ཀྱང་བཟུང་ཡོད་འདུག བྷ་ལོ་ཇེ་སི་ཐན་ཟེར་བ་ཞིག་རྩོད་དགོས་དོན་ནི་ས་ཁུལ་དེའི་ནང་དུ་ཡོད་པའི་མི་མང་རྣམས་ནི་ཨབ་གྷ་ནི་སི་ཐན་དང་། ཨི་རན་གྱི་མི་རིགས་ཡིན་འདུག་པས། ཁོང་ཚོའི་རིག་གཞུང་དང་ལུགས་སྲོལ་ལོག་ཏུ་ཡོད་པས། པ་ཀི་སི་ཐན་ནས་རང་བཙན་གྱི་རྒྱལ་ཁབ་གཅིག་དགོས་པར་རྗོད་ཀྱི་ཡོད་འདུག ཉེ་ཆར་པ་ཀི་སི་ཐན་དང་རྒྱ་གར་གཉིས་བར་རྩོད་རྙོག་འབྱུང་དུས་བྷ་ལོ་ཇེ་སི་ཐན་གྱི་འགོ་ཁྲིད་ཚོས་རྒྱ་གར་ངོས་ནས་པ་ཀི་སི་ཐན་ལ་ནམ་ཡང་ཡིད་ཆེས་བྱེད་རྒྱུ་མེད་པ་དང་། དྲག་སྤྱོད་པ་རྣམས་ལ་རྒོལ་རྡུང་དྲག་པོ་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག
བྷ་ལོ་ཇེ་སི་ཐན་ཟེར་བ་དེ་པ་ཀི་སི་ཐན་ནང་གི་མངའ་སྡེ་ཆེ་ཤོས་དེ་ཡིན་འདུག་པ་དང་། ས་ཁུལ་དེའི་ནང་རང་བྱུང་ཐོན་ཁུངས་ཧ་ཅང་ཡག་པོ་ཡོད་འདུག་པས། རྒྱ་ནག་དང་པ་ཀི་སི་ཐན་གཞུང་གཉིས་བར་དཔལ་འབྱོར་ཡར་རྒྱས་ཐད་མཉམ་ལས་གྲོས་མཐུན་མང་པོ་ཞིག་བཞག་ཡོད་འདུག་ལ། ཨ་སྒོར་ཐེར་འབུམ་མང་པོའི་མ་རྩ་བཙུགས་ཡོད་འདུག འོན་ཀྱང་། ས་ཁུལ་དེའི་ནང་མ་རྩ་ག་ཚོད་བཙུགས་ཡོད་ཀྱང་། ས་ཁུལ་དེའི་མི་མང་ལ་ཁེ་ཕན་དེ་ཙམ་རག་གི་མེད་པའི་རྐྱེན་གྱིས་ས་ཁུལ་དེའི་ནང་དུ་ཡོད་པའི་མི་མང་སྐྱོ་བོ་ཧ་ཅང་མང་པོ་ཡོད་པར་རྗོད་བཞིན་འདུག རྒྱུ་མཚན་དེ་ལ་བརྟེན་ནས་པ་ཀི་སི་ཐན་གཞུང་གིས་དཔལ་འབྱོར་ཐད་ནས་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་བྷ་ལོ་ཇེ་སི་ཐན་གྱི་དམག་དཔུང་གིས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱི་དཔལ་འབྱོར་མཉམ་ལས་བྱེད་སའི་ས་ཁུལ་མང་པོ་ཞིག་ལ་གཏོར་རྒོལ་དང་རྒྱ་ནག་གི་ཁྱད་ལས་མི་སྣ་མང་པོ་ཞིག་བསད་ཡོད་འདུག ད་ཆར་པ་ཀི་སི་ཐན་ནང་རྩོད་རྙོག་དེ་ལ་བརྟེན་ནས་ཆབ་སྲིད་ཀྱི་བརྟན་ལྷིང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག་ཅིང་། རྒྱ་ནག་གིས་ས་ཁུལ་དེའི་ནང་མ་རྩ་ཕོན་ཆེན་བཙུགས་ཡོད་འདུག་པས། དེ་དག་བྷ་ལོ་ཇེ་སི་ཐན་གྱི་དམག་དཔུང་གི་ལག་ཏུ་ཤོར་ཡོང་བསམ་པའི་སེམས་འཚབ་ཆེན་པོ་ཡོང་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།