པ་ཀི་སི་ཐན་གྱི་ནང་འབར་རྫས་འགད་འཐོར་གྱི་དོན་རྐྱེན་ཞིག་བྱུང་འདུག

ཟླ་༤ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། པ་ཀི་སི་ཐན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཀ་ར་ཆིའི་ནང་དུ་ཡོད་པའི་ཁུང་ཙེའི་གཙུག་ལག་སློབ་གྲྭ་ཆེན་མོའི་སྒོ་འགྲམ་དུ་ཞིབ་འཇུག་སློབ་མ་བུད་མེད་ཅིག་གིས་རང་སྲོག་བློས་བཏང་གིས་འབར་རྫས་གཏོར་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག

དོན་རྐྱེན་དེ་ནི་ཟླ་བ་འདིའི་ཚེས་༢༦ ཉིན་གྱི་ཉིན་གུང་ཆུ་ཚོད་༡:༥༢ ཐོག་སློབ་གྲྭའི་ཉིན་གུང་གི་བར་གསེང་རྗེས་ཕྱིར་ལོག་བྱེད་བཞིན་པའི་སྐྱེལ་འདྲེན་རླངས་འཁོར་ནང་གི་རྒྱ་སྐད་སློབ་ཁྲིད་བྱེད་མཁན་གྱི་རྒྱ་མི་གསུམ་དང་པ་ཀི་སི་ཐན་གྱི་ཁ་ལོ་བ་གཅིག་བཅས་ཡིན་པ་རེད།

ས་གནས་དེའི་ཉེན་རྟོག་དཔོན་གྷོ་ལམ་ནེ་བྷི།(Ghulam Nabi )ཡིས་ “དོན་རྐྱེན་དེའི་བརྒྱུད་རིམ་གང་བྱུང་བ་རྣམས་བརྙན་ལེན་པར་ཆས་(CCTV) ནང་རྟོག་ཞིབ་བྱེད་སྐབས། གྱོན་ཆས་ནག་པོ་གྱོན་པའི་བུད་མེད་ཅིག་གཙུག་ལག་སློབ་གྲྭ་དེའི་སྒོ་འགྲམ་དུ་ལངས་ནས་བསྡད་ཡོད་པ་དང་། ཉིན་གུང་བར་གསེང་སྐབས་སུ་དགེ་རྒན་རྣམས་ཕྱིར་ལོག་བྱེད་སའི་སྐྱེལ་འདྲེན་རླངས་འཁོར་ཞིག་སློབ་གྲྭའི་སྒོ་འགྲམ་དུ་འབྱོར་བ་དང་། འབར་རྫས་ཤིག་འགད་འཐོར་བྱུང་ནས་བུད་མེད་དེ་དང་རླངས་འཁོར་ནང་ཡོད་པའི་མི་བཞི་ཡི་ཚེ་སྲོག་ཤོར་འདུག་ཅེས་བརྗོད་འདུག བརྙན་ལེན་པར་ཆས་དེ་ལ་གཞིགས་ནས་ཉེན་རྟོག་པས་བརྙན་པར་ནང་གི་བུད་མེད་དེར་དོགས་གཞི་བྱེད་བཞིན་ཡོད་འདུག

པ་ཀི་སི་ཐན་ལྷོ་ཕྱོགས་སུ་ཡོད་པའི་(Balochistan) མངའ་སྡེའི་ཁ་བྲལ་རིང་ལུགས་(BLA) བྷེ་ལོ་ཁེ་བཅིངས་འགྲོལ་དམག་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དོན་རྐྱེན་དེ་ནི་བུད་མེད་ཅིག་གི་རང་སྲོག་བློས་བཏང་ནས་འབར་རྫས་གཏོར་རྒོལ་བྱས་པ་རེད། བུད་མེད་འདི་ནི་ཕྲུ་གུ་གཉིས་ཀྱི་ཨ་མ་རེད་ཅེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་པ་ཀི་སི་ཐན་ལ་དོན་རྐྱེན་དེ་འབྲེལ་ཁྲིམས་འགལ་བྱེད་མཁན་རྣམས་ལ་ཉེས་ཆད་གཅོད་དགོས་པ་དང་། དེ་ཁུལ་དུ་རྒྱ་ནག་མི་མང་རྣམས་ལ་སྲུང་སྐྱོབ་དགོས་པ་དང་། མ་འོངས་པར་དོན་རྐྱེན་དེའི་རིགས་མ་ཡོང་བའི་དགོས་འདུན་བཏོན་ཡོད་འདུག ཡང་ཁ་སང་གཟའ་ལྷག་པ་ཉིན་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་འབྲེལ་ཁང་གི་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། བྱས་ཉེས་ཆ་ཚང་བཀོད་སྒྲིག་བྱས་པའི་རྒྱ་ནག་གི་སྤྱི་འབངས་ལ་དམིགས་པའི་རང་སྲོག་རང་གཅོད་ཀྱི་དྲག་སྤྱོད་ཀྱི་རྒོལ་རྡུང་ཞིག་རེད་ཅེས་བརྗོད་འདུག །
གསར་འགོད་པ་བདེ་སྒྲོན།