པ་ཀི་སི་ཐན་ནང་རྒྱ་མི་ཆེད་ལས་པ་ཚོར་རྒོལ་རྡུང་ཡང་ཡང་ཕོག་གི་ཡོད་འདུག

པ་ཀི་སི་ཐན་དང་རྒྱ་ནག་གཉིས་བར་ཚོང་གི་ཐོག་ནས་འབྲེལ་བ་ཡག་པོ་ཡོད་འདུག་ཀྱང་། པ་ཀི་སི་ཐན་མི་མང་ཁྲོད་ནས་རྒྱ་ནག་གཞུང་དང་པ་ཀི་སི་ཐན་གཞུང་གཉིས་བར་ཚོང་ལས་ཐད་མཉམ་ལས་བྱེད་རྒྱུ་ལ་མོས་མཐུན་མེད་མཁན་ཚོས་རྒྱ་ནག་གི་ཆེད་ལས་མི་སྣ་ཚོར་རྒོལ་རྡུང་ཡང་ཡང་གཏོང་གི་ཡོད་འདུག 

ཕྱི་ཚེས་༣༠ ཉིན་རྒྱ་གར་དུས་བབ་ཀྱིས་གསར་འགྱུར་སྤེལ་གསལ་ལྟར་ན། འདས་པའི་ཟླ་བ་༦ ནང་རྒྱ་ནག་གི་ཆེད་ལས་མི་སྣ་ཚོར་པ་ཀི་སི་ཐན་ནང་ཐེངས་གཉིས་ལ་འཇིགས་སྐུལ་པས་རྒོལ་རྡུང་བཏང་ཡོད་འདུག་ལ། སྐབས་དེར་རྒྱ་མི་མང་པོ་ཤི་རྨས་བྱུང་ཡོད་འདུག རྒྱ་ནག་གི་པ་ཀི་སི་ཐན་ནང་ཡོད་པའི་གཞུང་ཚབ་པ་(Jiang Zaidong)ཟེར་བ་དེས་པ་ཀི་སི་ཐན་གྱི་གཞུང་ངོས་ནས་འཇིགས་སྐུལ་རིང་ལུགས་པ་ཚོ་མེད་པ་བཟོ་ཆེད་བདེ་སྲུང་དམ་དུ་གཏོང་དགོས་པ་དང་། རྒྱ་ནག་གི་ཆེད་ལས་མི་སྣ་ཚོའི་བདེ་འཇགས་ནི་ཧ་ཅང་གལ་ཆེན་ཡིན་པར་བརྗོད་ཡོད་འདུག རྒྱུ་མཚན་ནི་འདས་པའི་ཟླ་བའི་ནང་རྒྱ་ནག་གི་ཆེད་ལས་མི་སྣ་ཚོ་ལ་འཇིགས་སྐུལ་པའི་རྒོལ་རྡུང་ཧ་ཅང་གིས་ཚབས་ཆེན་པོ་ཕོག་ཅིང་། རྒོལ་རྡུང་དེ་ཡང་འདི་ལོའི་ཕྱི་ཟླ་༣ པའི་ནང་གཅིག་དང་ཕྱི་ཟླ་༡༠ པའི་ནང་གཅིག་བཅས་ཐེངས་གཉིས་ཕོག་ཡོད་འདུག རྒོལ་རྡུང་དེ་དག་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་པ་ཀི་སི་ཐན་ལ་མ་ཡོང་སྔོན་གྱི་ཉིན་ཤས་ནང་བྱུང་ཡོད་འདུག པ་ཀི་སི་ཐན་ནང་རྒྱ་ནག་གི་ཆེད་ལས་པ་ས་ཡ་ཕྱེད་ཀ་ཙམ་ཡོད་འདུག་ལ། འདས་པའི་ལོ་ཤས་ནང་པ་ཀི་སི་ཐན་ནང་ཡོད་པའི་རྒྱ་མི་ཧ་ཅང་མང་པོ་དྲག་སྤྱོད་པས་བསད་པ་དང་རྨས་པ་སོགས་ཀྱི་དོན་རྐྱེན་དུ་མ་བྱུང་ཡོད་འདུག 

རྒྱ་ནག་གི་གཞུང་ཚབ་པས་པ་ཀི་སི་ཐན་ནང་ཡོད་པའི་རྒྱ་མི་རྣམས་ལ་འཇིགས་སྐུལ་པས་རྒོལ་རྡུང་ཕོག་པ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ་དང་། པ་ཀི་སི་ཐན་གཞུང་གི་ངོས་ནས་རྒྱ་ནག་གི་ཆེད་ལས་མི་སྣ་དང་། འཛུགས་སྐྲུན་ལས་གཞི། ཚོགས་པ་ཁག་བཅས་ངེས་པར་དུ་སྲུང་སྐྱོབ་ནན་ཏན་དགོས་པ་དང་། བདེ་འཇགས་མེད་ན་རྒྱ་ནག་དང་པ་ཀི་སི་ཐན་གཉིས་བར་དཔལ་འབྱོར་མཉམ་ལས་ཐད་ནུས་པ་ཐོན་རྒྱུ་ཁག་པོ་ཡིན་པར་བརྗོད་འདུག་ལ། པ་ཀི་སི་ཐན་གྱི་ངོས་ནས་འཇིགས་སྐུལ་པའམ་དྲག་སྤྱོད་པ་དེ་དག་ལ་ངེས་པར་དུ་ཉེས་ཆད་ལྗིད་པོ་གཅོད་དགོས་པར་བརྗོད་འདུག རྒྱ་ནག་གི་གཞུང་ཚབ་པས་སྲིད་འཛིན་ཞི་ཅིན་ཕིང་གིས་མི་མང་གི་བདེ་འཇགས་ནི་ཨང་དང་པོ་བརྩི་བཞིན་ཡོད་ཚུལ་དང་། དམིགས་བསལ་རྒྱ་མི་པ་ཀི་སི་ཐན་ནང་ཡོད་པའི་རྒྱ་མིའི་བདེ་འཇགས་ནི་ཧ་ཅང་གལ་ཆེན་འཛིན་གྱི་ཡོད་པར་བརྗོད་འདུག ད་དུང་འབྱུང་འགྱུར་ཟླ་བའི་ནང་པ་ཀི་སི་ཐན་གྱི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་གང་མགྱོགས་ཐུག་འཆར་ཡོད་འདུག་པ་དང་། དེའི་ཆེད་དུ་ད་ལྟ་ནས་དྲག་སྤྱོད་པ་ཚོ་གཙང་བཟོ་བྱེད་དགོས་པ་དང་། བདེ་འཇགས་སྲུང་སྐྱོབ་མི་སྣ་མང་དུ་གཏོང་དགོས་པར་བརྗོད་འདུག 

རྒྱ་ནག་དང་པ་ཀི་སི་ཐན་གཉིས་བར་ཉེ་ཆར་ཚོང་འབྲེལ་དང་། བཟོ་གྲྭ་གསར་འཛུགས། དྲྭ་རྒྱའི་ཚོང་ལས། ཞིང་ལས། ནུས་ཤུགས་ཐོན་རྫས་གསར་སྐྲུན། དེ་བཞིན་རྒྱལ་ཁབ་ཀྱི་དཀའ་ངལ་གཞན་ཁག་ལ་མཉམ་ལས་བྱེད་རྒྱུ་སོགས་ཀྱི་གྲོས་མཐུན་མང་པོ་བཞག་ཡོད་འདུག་པ་དང་། པ་ཀི་སི་ཐན་གྱི་སྲིད་བློན་གཞོན་པ་(Ishaq Dar )ཟེར་བ་དེ་ཡིས་རྒྱ་ནག་ནི་གང་མགྱོགས་འཛམ་གླིང་ནང་དཔལ་འབྱོར་ཨང་དང་པོ་དེ་ཆགས་རྒྱུ་ཡིན་པ་དང་། ཨ་རིའི་ངོས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་འབད་རྩོན་མ་བྱས་ན་ལེགས་ཚུལ་དང་། རྒྱ་ནག་གི་ཚོང་ཟོག་ཐོག་དཔལ་འབྱོར་ཉེས་ཆད་མ་བཅད་ན་བཟང་ཚུལ་སོགས་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།