པ་ཀི་སེ་ཐན་གྱི་གྲོས་ཚོགས་ནས་སྲིད་བློན་འཕོ་འགྱུར་བཏང་འདུག
རྒྱ་གར་གྱི་ཁྱིམ་མཚེས་པ་ཀི་སེ་ཐན་གྱི་གྲོས་ཚོགས་ནང་དུ་ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས། ལས་ཁུར་སྲིད་བློན་འཕོ་འགྱུར་བཏང་ཐུབ་འདུག་ཀྱང་། ཁོང་གིས་བྱ་སྤྱོད་དེའི་རྒྱབ་ཏུ་ཨ་རི་ཡོད་སྐོར་བརྗོད་བཞིན་འདུག
ཟླ་༤ པའི་ཚེས་༡༠ ཉིན་པ་ཀི་སེ་ཐན་གྱི་གྲོས་ཚོགས་ནང་དུ་སྲིད་བློན་གྱི་ལས་ཁུར་བྱེད་སྟངས་ལ་གདེང་ཚོད་ཡོད་མེད་ཀྱི་འོས་ཤོག་འཕངས་ནས། གྲོས་ཚོགས་འཐུས་མི་༣༤༢ ནས་༡༧༤ ཡིས་སྲིད་བློན་ཨཱེམ་རན་ཁན་ལ་གདེང་ཚོད་མེད་པའི་འོས་ཤོག་འཕངས་ཏེ་མང་མོས་ཐོག་ནས་སྲིད་བློན་ཁོང་འཕོ་འགྱུར་བཏང་འདུག་པ་དང་། དེ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་ནང་སྲིད་བློན་ཞིག་གྲོས་ཚོགས་ནས་འཕོ་འགྱུར་བཏང་བ་ཐོག་མར་ཆགས་ཡོད་འདུག
དེ་ཡང་བདུན་ཕྲག་སྔོན་མར་ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས་གྲོས་ཚོགས་ནང་དུ་ཁོང་ལ་གདེང་ཚོད་ཡོད་མེད་ཀྱི་འོས་ཤོག་འཕེན་དགོས་པའི་གྲོས་ཆོད་འཁྱེར་ཡོང་སྐབས། ཁོང་གིས་འོས་ཤོག་དེ་བཀག་འགོག་བྱེད་ཆེད་དུ་འོས་བསྡུ་སྔ་སྣུར་བྱེད་རྒྱུ་ཡིན་སྐོར་བརྗོད་ནས་གྲོས་ཚོགས་རྩ་གྲོལ་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས་བྱ་སྤྱོད་དེ་ནི་རྩ་ཁྲིམས་དང་འགལ་བ་ཡིན་སྐོར་བརྗོད་ནས། ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུག་བྱས་སྐབས། ཁྲིམས་ཁང་ནས་སྲིད་བློན་ཁོང་གི་བྱ་སྤྱོད་དེ་རྩ་ཁྲིམས་དང་འགལ་བ་ཡིན་པས། གྲོས་ཚོགས་ནང་འོས་བསྡུའི་ལས་རིམ་དེ་འགྲོ་དགོས་པའི་བཀའ་བཏང་རྗེས་ལས་རིམ་དེ་ཕྱིན་ཡོད་པ་རེད།
ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་ཤཱེ་བྷཛ་ཤཱ་རཱིཧྥ་སྲིད་བློན་དུ་བསྐོ་གཞག་བྱུང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག་པ་དང་། ཁོང་ནི་དེ་སྔོན་རྒྱལ་ཁབ་དེའི་སྲིད་བློན་ལས་ཁུར་སྐབས་གསུམ་བྱེད་མྱོང་མཁན་ནཱ་ཝཛེ་ཤཱ་རཱིཧྥ་ཡི་གཅུང་པོ་ཡིན་པ་རེད།
འཕོ་འགྱུར་བཏང་ཟིན་པའི་སྲིད་བློན་ཁོང་ནི་རྒྱལ་ཁབ་དེའི་དབྱུག་རྩེད་རྩེད་མོ་བ་གྲགས་ཅན་ཞིག་ཡིན་ཁར། རྒྱལ་སྤྱིའི་ནང་དུ་ཡང་ཁོང་སྐད་གྲགས་ཆེན་པོ་ཡོད་ཁར། ཕྱི་ལོ་༡༩༧༡ ལོ་ནས་རྒྱལ་ཁབ་དེའི་དབྱུག་རྩེད་རུ་ཁག་ནང་ཚུད་ནས་མི་རབས་དེའི་ཁྲོད་དུ་རྩེད་མོ་བ་ཡག་ཤོས་གྲས་སུ་ཚུད་ཀྱི་ཡོད་པ་རེད་འདུག ཕྱི་ལོ་༡༩༩༦ ལོར་ཁོང་གིས་སྲིད་དོན་ཚོགས་པ་གསར་པ་བཙུགས་ཡོད་པ་དང་། ཕྱི་ལོ་༢༠༠༢ ལོར་ཁོང་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་འདུག ཕྱི་ལོ་༢༠༡༣ ལོར་ཁོང་གི་སྲིད་དོན་ཚོགས་པ་དེ་ཤུགས་ཆེན་པོ་ཆགས་ནས་གྲོས་ཚོགས་ནང་རྐུབ་སྟེགས་མང་པོ་ཐོབ་ཀྱང་གཞུང་འཛིན་བྱེད་པའི་རྐུབ་སྟེགས་ཀྱི་ཚད་ལོན་མེད་འདུག འོན་ཀྱང་ཕྱི་ལོ་༢༠༡༨ ལོར་ཁོང་ལ་རྒྱལ་ཁ་ཐོབ་ནས་སྲིད་བློན་ཆགས་པ་དང་། རྒྱལ་ཁབ་དེའི་ནང་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱིས་སྲིད་དབང་འཛིན་པའི་ལམ་ལུགས་དེ་མེད་པ་ཆགས་ནས། ཁོང་གི་སྲིད་དོན་ཚོགས་པ་དེ་ཡང་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པ་ཆགས་འདུག
འཕོ་འགྱུར་བཏང་བའི་སྲིད་བློན་ཨཱེམ་རན་ཁན་གྱིས་ཁོང་འཕོ་འགྱུར་བཏང་བའི་བྱ་སྤྱོད་དེའི་རྒྱབ་ཏུ་ཨ་རིའི་ལག་ངན་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཁོང་གིས་རྒྱ་ནག་དང་ཨུ་རུ་སུ་གཉིས་ལྷན་དུ་འབྲེལ་ལམ་ཡག་པོ་ཉར་ནས། ཨ་རིའི་གནོན་ཤུགས་འོག་ཏུ་མ་སོང་བས་ཡིན་སྐོར་བརྗོད་འདུག་ཀྱང་། ཨ་རིའི་ངོས་ནས་ཉེས་འཛུགས་དེར་ངོས་ལེན་བྱས་མི་འདུག
དཔྱད་བརྗོད་པ་ཁག་ཅིག་གིས་བརྗོད་དོན་ལྟར་ན། དེ་སྔོན་ཡིན་ན་ཁོང་ལ་རྒྱལ་ཁབ་དེའི་ནང་དབང་ཤུགས་ཆེ་བའི་དམག་གི་སྒྲིག་འཛུགས་དང་གསང་བའི་ལས་ཁུངས་གཉིས་ཀྱི་རྒྱབ་སྐྱོར་ཆེན་པོ་ཡོད་ཀྱང་། ད་ལྟའི་ཆར་སྒྲིག་འཛུགས་དེ་གཉིས་དང་འབྲེལ་བ་ཡག་པོ་མེད་རྐྱེན། འཕོ་འགྱུར་བཏང་བ་ཡིན་སྐོར། འོན་ཀྱང་ཁོང་ལ་མི་མང་ནང་དང་ལྷག་པར་དུ་ལོ་གཞོན་པའི་ནང་རྒྱབ་སྐྱོར་ཤུགས་ཆེན་མུ་མཐུད་ནས་ཡོད་པས། ཕྱི་ལོ་༢༠༢༣ ལོའི་འོས་བསྡུར་ཁོང་ལ་རྒྱལ་ཁ་བསྐྱར་དུ་ཐོབ་པའི་རེ་བ་ཡོད་སྐོར་བརྗོད་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།