པ་ཏི་ཀུལ་ལག་ཤེས་སློབ་གྲྭའི་ཆོས་དགེས་རང་ཤི་བརྒྱབས་ཡོད་འདུག
ཟླ་༧ པའི་ཕྱི་ཚེས་༡༥ ཉིན་གྱི་ཞོགས་པར་ཀུ་ལུ་མ་ན་ལིའི་བོད་ཁྱིམ་པ་ཏི་ཀུལ་ལག་ཤེས་སློབ་གྲྭའི་ཆོས་དགེ་དགེ་བཤེས་བློ་བཟང་ཐུབ་བསྟན་གྱིས། སློབ་གྲྭའི་ཚོགས་ཁང་ནང་སྐེ་གནམ་བཏགས་བྱས་ནས་རང་ཤི་བརྒྱབས་ཡོད་འདུག་པ་དང་། དེ་རིང་ཕྱི་ཚེས་༡༧ ཉིན་གྱི་སྔ་དྲོར་ཕུང་པོ་མེར་སྲེག་བཏང་ཡོད་འདུག
པ་ཏི་ཀུལ་སློབ་གྲྭའི་དངུལ་གཉེར་རིག་འཛིན་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་དེའི་ཞོགས་པ་སློབ་མ་རྣམས་ཚོགས་ཁང་ནང་ཞལ་འདོན་བྱེད་དུ་འགྲོ་དུས། ཆོས་དགེ་ལགས་ཀྱིས་སྐེ་གནམ་བཏགས་བྱས་ནས་རང་ཤི་བརྒྱབས་ཡོད་པ་མཐོང་སྐབས། དབུགས་ཆད་ཟིན་ཡོད་འདུག་ཀྱང་གཟུགས་པོའི་དྲོད་མ་ཉམས་པར་ཚ་པོ་བསྡད་ཡོད་འདུག
གནད་དོན་དེའི་ཐད་ས་གནས་སྨན་ཁང་དང་ཉེན་རྟོག་པས་རྩད་ཞིབ་བྱས་སྐབས་རང་ཤི་རྒྱག་དགོས་དོན་གསལ་པོ་ཤེས་རྟོགས་ཐུབ་མེད་འདུག་ཅིང་།
སློབ་གྲྭ་དེའི་ནང་དགེ་ལས་༡༠ ཙམ་ཡོད་པ་རྣམས་དང་ཆོས་དགེ་བར་ཕན་ཚུན་ནམ་རྒྱུན་ནས་རྩོད་རྙོག་གཏན་ནས་མེད་འདུག
རྒྱུན་དུ་དགེ་བཤེས་ལགས་ལ་དམིགས་བསལ་དཀའ་ངལ་ཡོད་མེད་ཐད་དྲིས་པར། ཟླ་ཤས་གོང་ནས་དགེ་བཤེས་ལགས་ལ་མཚན་མོར་གཉིད་ཁུག་མི་ཐུབ་པའི་དཀའ་ངལ་ཞིག་བྱུང་ཡོད་འདུག་པ་དང་། དེ་སེལ་ཆེད་དུ་བོད་ལུགས་དང་ཕྱི་ལུགས་ཀྱི་སྨན་ཁང་འདྲ་མིན་ལ་བསྟེན་གཏུག་བྱས་ཡོད་འདུག་ཀྱང་། གཉིད་ཁུག་མི་ཐུབ་པའི་ན་ཚ་འདི་རེད་ཟེར་བ་ཞིག་དམིགས་བསལ་ངོས་འཛིན་བྱུང་མེད་འདུག་ཁར། སྨན་པ་ཚོས་ན་ཚ་གང་ཡང་མེད་སྐོར་བརྗོད་ཡོད་འདུག
ཆོས་དགེ་དགེ་བཤེས་བློ་བཟང་ཐུབ་བསྟན་ནི་རང་ལོ་༥༢ ལ་སོན་ཡོད་འདུག་ཅིང་། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དུ་ནང་བསྟན་རིག་གནས་ལ་བསླབ་པ་སློབ་གཉེར་གནང་ཟིན་ནས། ཕྱི་ལོ་༢༠༠༧ ལོ་ནས་བཙན་བྱོལ་གྱི་སློབ་གྲྭ་ཁག་ནང་ཆོས་དགེ་གནང་འགོ་བཙུགས་ཡོད་ཅིང་། ཕྱི་ལོ་༢༠༡༢ ལོ་ ནས་བཟུང་ད་བར་པ་ཏི་ཀུལ་ལག་ཤེས་སློབ་གྲྭའི་ཆོས་དགེ་གནང་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།