པ་ན་མ་མཚོ་ལམ་གྱི་གནད་དོན་དང་ཨ་རྒྱའི་བར་གྱི་ཆབ་སྲིད།

ཨ་རིའི་ནང་ཊོམ་གྱི་སྲིད་གཞུང་གསར་པ་སླེབས་ཡོད་པ་དང་། ཊོམ་གྱིས་ཉེ་ཆར་པ་ན་མ་མཚོ་ལམ་(Panama canal)ནི་ཨ་རི་ཡིས་བཟོས་ཡོད་པར་བརྟེན། ད་ཆར་ཨ་རི་རང་གི་ཁེ་ཕན་ཆེད་དུ་པ་ན་མ་མཚོ་ལམ་དེ་པ་ན་མའི་རྒྱལ་ཁབ་ནས་ཚུར་ལེན་རྒྱུ་ཡིན་པར་བརྗོད་འདུག་པ་དང་། དེའི་རྒྱུ་མཚན་ནི་ད་ཆར་རྒྱ་ནག་གིས་པ་ན་མ་མཚོ་ལམ་དེ་བཀོལ་སྤྱོད་བྱས་ནས་ཨ་རི་ལ་གྱོང་སྤྲོད་ཀྱི་ཡོད་པར་བརྗོད། 

ཕྱི་ཚེས་༢༢ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༠ ཉིན་ཨ་རིའི་སྲིད་འཛིན་གསར་པ་ཊོམ་གྱིས་སྲིད་འཛིན་དམ་འབུལ་བྱས་ཡོད་པ་དང་། སྐབས་དེ་དུས་ཊོམ་གྱིས་གཏམ་བཤད་སྐབས་སུ་མ་འོངས་པར་པ་ན་མ་མཚོ་ལམ་དེ་ཚུར་ལེན་རྒྱུ་ཡིན་པ་དང་། པ་ན་མ་མཚོ་ལམ་དེ་ཨ་རི་ལ་མཚོན་ན་ཚོང་ལས་ཐད་ནས་ཁེ་ཕན་ཆེན་པོ་ཡོད་པར་བརྗོད་ཡོད། དེ་བཞིན་གནད་དོན་གཞན་ཞིག་ནི་ད་ཆར་རྒྱ་ནག་གིས་པ་ན་མ་མཚོ་ལམ་དེའི་བདག་དབང་ལ་ཐེ་གཏོགས་དང་བཀོལ་སྤྱོད་བྱེད་ཀྱི་ཡོད་པར་བརྗོད་འདུག
པ་ན་མ་མཚོ་ལམ་དེ་ལ་རིང་ཚད་སྤྱི་ལེ༨༢ ཡོད་ཅིང་།  མཚོ་ལམ་དེ་ནི་ཞི་བདེ་རྒྱ་མཚོ་དང་ཨཌེ་ལན་ཌིག་རྒྱ་མཚོ་(Atlantic)གཉིས་བར་མི་ཡིས་བཟོས་པའི་མཚོ་ལམ་ཞིག་ཡིན། མཚོ་ལམ་དེའི་བརྒྱུད་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་གྱི་གྲུ་གཟིངས་ལོ་རེར་༡༤༠༠༠ ཙམ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པར་བརྟེན། མཚོ་ལམ་དེའི་བདག་དབང་སུ་ལ་ཡོད་ཀྱང་རྒྱལ་ཁབ་དེ་ལ་ཡོང་འབབ་ཆེན་པོ་བཟོ་ཐུབ་ཀྱི་ཡོད་འདུག ཊོམ་གྱིས་ཡང་ཡང་པ་ན་མ་མཚོ་ལམ་སྐོར་གླེང་སློང་བྱེད་ཀྱི་ཡོད་པ་དང་། ཉེ་ཆར་ཡེ་ཤུའི་དུས་ཆེན་(Christmas)ཉིན་རྒྱ་ནག་གིས་ཁྲིམས་འགལ་ཐོག་ནས་པ་ན་མ་མཚོ་ལམ་དེ་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པར་བརྗོད་ཡོད་འདུག འོན་ཀྱང་། པ་ན་མའི་རྒྱལ་ཁབ་ཀྱི་སྲིད་འཛིན་(José Raúl Mulino)ཡིས།  ཊོམ་གྱིས་པ་ན་མ་མཚོ་ལམ་ལ་རྒྱ་ནག་གིས་ཐེ་གཏོགས་བྱེད་ཀྱི་ཡོད་རེད་ཅེས་བཤད་པ་ནི་ཁུངས་ལུང་མེད་པའི་སྐད་ཆ་ཡིན་པ་ལས་རྒྱ་ནག་གིས་ཐེ་གཏོགས་མེད་པར་བརྗོད་འདུག 

ཊོམ་གྱིས་པ་ན་མ་རྒྱལ་ཁབ་ཀྱིས་ཨ་རིའི་དངོས་ཟོག་སྐྱེལ་འདྲེན་གྱི་གྲུ་གཟིངས་རྣམས་ལ་ཁྲལ་འཕར་མ་འགེལ་གྱི་ཡོད་པས།  ཨ་རི་ཡིས་དྲག་པོའི་ཐོག་ནས་ཚུར་ལེན་རྒྱུ་ཡིན་པར་བརྗོད་ཡོད་འདུག འོན་ཀྱང་། པ་ན་མ་མཚོ་ལམ་དུ་རྒྱ་ནག་གིས་མ་རྩ་བཙུགས་ནས་འཛུགས་སྐྲུན་ལས་གཞི་མང་པོ་ཞིག་སྤེལ་བཞིན་ཡོད་པ་ཨ་རིའི་གནད་ཡོད་མི་སྣ་ཚོས་ཤེས་རྟོགས་བྱུང་ཡོད་པར་བརྗོད།  

           

པ་ན་མ་མཚོ་ལམ་གྱི་ལོ་རྒྱུས་སྙིང་བསྡུས།

པ་ན་མ་མཚོ་ལམ་དེ་ཐོག་མར་ཧྥ་རན་སི་ཡིས་ཕྱི་ལོ་༡༨༨༡ ལོར་བཟོ་རྒྱུའི་འགོ་འཛུགས་བྱས་ཏེ་ལོ་བརྒྱད་ཙམ་རིང་བཟོས་ཡོད་འདུག་ཀྱང་། ལམ་འགྲོ་མ་རྒྱུགས་ནས་བཟོ་ཐུབ་ཡོད་མི་འདུག ཕྱིས་སུ་ཕྱི་ལོ་༡༩༠༤ ལོར་ཨ་རི་ཡིས་བཟོ་འགོ་བཙུགས་ནས་མཐར་ཕྱི་ལོ་༡༩༡༤ ལོར་ཡོངས་སུ་ལེགས་གྲུབ་བྱུང་ཞིང་། ཕྱི་ལོ་༡༩༧༧ བར་ཨ་རི་ཡི་འཛིན་སྐྱོང་འོག་ཡོད་འདུག་ཀྱང་། རྗེས་སུ་ཨ་རིའི་སྲིད་འཛིན་(Jimmy Carter)ཡིས་པ་ན་མ་རྒྱལ་ཁབ་དང་ཨ་རི་གཉིས་བར་གྲོས་མཐུན་བཞག་ནས་ཕྱིར་པ་ན་མ་རྒྱལ་ཁབ་ལ་སྤྲད་ཡོད་པར་བརྟེན། ཊོམ་གྱིས་མཚོ་ལམ་དེ་ཕྱིར་པ་ན་མ་ལ་སྤྲད་པ་ནི་ལྐུགས་པའི་ལས་ཀ་རེད་ཅེས་བརྗོད་ནས་ད་ཆར་ཨ་རི་ལ་ཚུར་དགོས་ཀྱི་ཡོད་པར་རྗོད་ཀྱི་ཡོད་འདུག ཕྱི་ལོ་༡༩༩༩ ནས་བཟུང་པ་ན་མ་མཚོ་ལམ་དེ་པ་ན་མ་རྒྱལ་ཁབ་ལ་ཡོངས་སུ་དབང་གི་ཡོད་འདུག་ཅིང་། པ་ན་མ་རྒྱལ་ཁབ་ཀྱི་འཛིན་སྐྱོང་འོག་ད་བར་བཀོལ་སྤྱོད་བྱེད་ཀྱི་ཡོད་འདུག་ཀྱང་། ཊོམ་གྱིས་ད་ཆར་མཚོ་ལམ་དེ་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ཁོངས་གཏོགས་ནས་མ་རྩ་ཕོན་ཆེན་འཛུགས་ཀྱི་ཡོད་ཅིང་། དབང་བདག་ཐད་རྒྱ་ནག་གིས་ཐེ་གཏོགས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་ཚུལ་བརྗོད་ནས་ཨ་རི་ལ་ཚུར་དགོས་ཀྱི་ཡོད་པར་བརྗོད། ཨ་རི་དང་པ་ན་མ་རྒྱལ་ཁབ་གཉིས་བར་གྲོས་མཐུན་འཇོག་དུས་མཚོ་ལམ་དེ་གཏན་དུ་པ་ན་མ་ལ་དབང་གི་ཡོད་པར་བརྗོད་ཡོད་པ་དང་། གལ་སྲིད་རྒྱལ་ཁབ་གཞན་སུས་མཚོ་ལམ་དེ་ལ་ཉེན་ཁ་བཟོས་ཚེ་ཨ་རིའི་ངོས་ནས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པར་འཁོད་ཡོད་འདུག 

               མཚོ་ལམ་དེ་ལ་རྒྱ་ནག་གིས་ཐེ་བྱུས་བྱེད་ཀྱི་ཡོད་དམ།

པ་ན་མ་མཚོ་ལམ་དེའི་བདག་དབང་ཐད་རྒྱ་ནག་གིས་ཐེ་བྱུས་བྱེད་ཀྱི་ཡོད་མེད་དཔང་རྟགས་གང་ཡང་ཡོད་མི་འདུག་ཀྱང་། རྒྱ་ནག་གི་ཚོང་གཉེར་ཁང་ཆེན་པོ་དེ་འདྲའི་མ་རྩ་འཛུགས་མཁན་མང་པོ་ཡོད་འདུག་པ་དང་། མཚོ་ལམ་དེ་བེད་སྤྱོད་བྱེད་མཁན་ཨ་རི་མང་ཤོས་ཡིན་འདུག་པ་དང་། དེའི་རྗེས་སུ་རྒྱ་ནག་མང་ཤོས་ཆགས་ཀྱི་ཡོད་འདུག དམིགས་བསལ་ད་ཆར་མཚོ་ལམ་དེའི་བརྒྱུད་དུ་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཁོངས་ནས་གྲུ་གཟིངས་འབབ་ཚུགས་དང་གཞན་འཛུགས་སྐྲུན་གྱི་ལས་གཞི་ཧ་ཅང་མང་པོ་ཞིག་ལ། རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་མང་པོའི་མ་རྩ་བཙུགས་ནས་ཤུགས་རྐྱེན་ཆེན་པོ་ཡོད་འདུག 

ཕྱི་ལོ་༢༠༡༧ ལོར་པ་ན་མ་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་མཉམ་དུ་འབྲེལ་ལམ་བཅད་ནས་རྒྱ་ནག་ལ་འབྲེལ་བ་བཙུགས་ཡོད་འདུག་ཅིང་། ལྷོ་ཨ་མ་རི་ཀའི་རྒྱལ་ཁབ་ཀྱི་ཁོངས་ནས་པ་ན་མ་རྒྱལ་ཁབ་དེ་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཁོངས་སུ་འཛུལ་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་འདུག ཕྱིས་སུ་རྒྱ་ནག་གིས་པ་ན་མ་རྒྱལ་ཁབ་ནང་མེ་ཁོར་ལྕགས་ལམ་དང་། ཟམ་པ་འཛུགས་སྐྲུན། ཁུང་ཙིའི་ལྟེ་གནས་ཁང་གསར་འཛུགས། དེ་བཞིན་གསར་འགོད་པ་རྣམས་ལ་ཟབ་སྦྱོང་སྤྲོད་པ་སོགས་ཀྱི་ལས་གཞི་མང་པོ་ཞིག་སྤེལ་བཞིན་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།