པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ནས་ལོ་༢༡ འཁོར་བའི་རྗེས་འདེད།

པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་༦ ཐོག རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས། ལོ་༢༡ འཁོར་བའི་དེ་རིང་གི་ཉིན་མོ་འདིར་ཡང་གར་ཡོད་ཙམ་གྱི་གནས་སྟངས་ཤེས་རྟོགས་ཐུབ་ཀྱི་མེད་པས། བོད་མི་ཚོས་མུ་མཐུད་ཁོང་རྩད་གཅོད་དང་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་རེད།

stt_2016_5_17དེ་ཡང་ཟླ་འདིའི་ཚེས་༡༧ ཉིན་དྷ་ས་མེག་གྷན་དུ་ས་གནས་གཞོན་ལྷན་དང་། ས་གནས་བུད་མེད་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་“༧པཎ་ཆེན་རིན་པོ་ཆེར་སྤྲེང་པའི་འཕྲིན་”ཞེས་པའི་ལས་འགུལ་ཞིག་མི་མང་ཁྲོད་སྤེལ་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ཚེ་ལྷས་“༧པཎ་ཆེན་རིན་པོ་ཆེ་དགུང་གྲངས་དྲུག་གི་སྟེང་ནས་གར་སོང་ཆ་མེད་དུ་ཕྱིན་པའི་གནས་ཚུལ་དེ་ནི། བོད་མི་ཚོར་འཕྲད་པའི་བཟོད་དཀའ་བའི་སྐྱོ་གདུང་ཞིག་ཏུ་གྱུར་ཡོད། འོན་ཀྱང་། ང་ཚོས་བཟུང་བའི་རེ་བ་དེ་ནམ་ཡང་བློས་གཏོང་མི་སྲིད་པ་མ་ཟད། རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེའི་སྐོར་ལ་ལན་ཁ་གསལ་ཞིག་མ་བྱུང་པར་ལས་འགུལ་མུ་མཐུད་སྤེལ་ངེས་ཡིན་”ཞེས་བརྗོད་སོང་།

དྷ་ས་ས་གནས་གཞོན་ལྷན་ཚོགས་གཙོ་དབང་ལྡན་སྐྱབས་ཀྱིས་“མི་ལོ་༢༡ གོང་གི་དེ་རིང་དགུང་གྲངས་༦ ལས་སོན་མེད་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ རྒྱ་ནག་དམར་པོའི་གཞུང་གིས་བཙན་ཁྲིད་ཀྱིས་དུས་ད་ལྟའང་གར་ཡོད་ཅི་ཆགས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་པ་དེས། དོན་དངོས་ཐོག་རྒྱ་ནག་གཞུང་ནི་ཇག་ཚོགས་ཤིག་ཡིན་པ་ར་འཕྲོད་པ་རེད་ལ། རྒྱ་ནག་གཞུང་དང་དེའི་དཔོན་རིགས་ཚོ་ནི་དུས་ནམ་ཡང་རེ་བ་རྒྱག་ས་དང་བློ་འགེལ་བྱ་ཡུལ་ཞིག་མིན་པའི་ངེས་ཤེས་ཡོད་པའི་ཐོག ད་ནས་ང་ཚོ་བོད་མི་རྣམས་ཀྱིས་རྒྱ་ནག་གི་གུ་ཡངས་ལ་སྟོང་བསམ་བཅོལ་རྒྱུ་ལས་ང་ཚོས་འཐབ་རྩོད་དངོས་ཞིག་ལ་ཁ་ཕྱོགས་པའི་དུས་ཡིན་”ཆེས་བརྗོད་སོང་།

ཉིན་དེའི་ལས་འགུལ་ཁྲོད་མེག་གྷན་ཁྲོམ་དཀྱིལ་གྱི་མི་མང་འདུ་འཛོམས་སར་༧པཎ་ཆེན་རིན་པོ་ཆེ་ལ་བསྐུལ་བའི་འཕྲིན་ཐུང་བསྡུ་རུབ་བྱས་པ་དང་། ཁོང་རྒྱ་ནག་གི་བཙོན་འོག་གང་ཞིག་ཏུ་ཡོད་ཤེས་རྟོགས་མེད་པས། འཕྲིན་ཐུང་དེ་དག་ལྒང་དབུགས་ལ་བཏག་ནས་ནམ་མཁར་གཏོང་བའི་སེམས་ཀྱི་རེ་བ་མཚོན་ཐབས་བྱས་ཡོད་པ་རེད།

twa_2016_5_17དེ་བཞིན་ཉིན་དེར་དྷ་སར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པའི་རྐང་རྒྱུག་འགྲན་སྡུར་གྱི་ལས་འགུལ་ཞིག་སྤེལ་བ་དང་། དེའི་ནང་བོད་མི་ཕོ་མོ་གཉིས་ཀ་གཙོས་མི་རིགས་གཞན་བཅས་མཉམ་ཞུགས་བྱས་ཡོད་པའི་ཁྲོད། ཨང་དང་པོ་ཨ་རིའི་ཉི་ཧོང་གི་མི་རིགས་ཡིན་པ་ཡེ་ཤེས་ཟེར་བར་ཨང་དང་པོ་ཐོབ་ཡོད་པ་རེད།

དབུས་བོད་ཀྱི་བུད་ལྷན་ཚོགས་ཀྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་“རྒྱ་གཞུང་གིས་ཁོ་རང་ཚོའི་ཁེ་ཕན་ཁོ་ནའི་ཆེད་དུ་པཎ་ཆེན་བླ་མའི་ཡང་སྲིད་དུ་འདེམས་པའི་རྒྱལ་མཚན་ནོར་བུའི་མིང་གྲགས་མཐོ་རུ་གཏོང་ཡ་དང་། ཁྲིམས་མཐུན་ཡོང་བ། དེ་བཞིན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྲོད་ནས་རྒྱ་ཆེའི་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་དད་གུས་དང་བརྩི་བཀུར་གང་ཞུས་པ་དག་རྒྱལ་མཚན་ནོར་བུ་ཡོང་ཕྱིར་ཐབས་ལམ་སྣ་ཚོགས་པའི་སྒོ་ནས་བསྟུད་མར་འབད་བརྩོན་རབ་དང་རིམ་པ་བྱས་ཡོད། རེད་དེ། བོད་རྒྱ་ཆེའི་མི་མང་གིས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུར་པཎ་ཆེན་བླ་མའི་སྐྱེ་བའི་ཕྲེང་བ་ཞིག་ཡིན་པར་ཁས་ལེན་མེད་པའི་ཐོག་པཎ་ཆེན་རྫུན་མ་ཞེས་འབོད་ཀྱི་ཡོད་ལ། དེས་ནི་གནས་ཚུལ་ག་འདྲ་ཞིག་བྱུང་རུང་བོད་རྒྱ་ཆེའི་མི་མང་གི་བསམ་བློ་བསྒྱུར་མི་ནུས་པ་མཚོན་གྱི་ཡོད་པས། རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་བདེ་དོན་ལ་ཐུགས་ཁུར་གནང་དང་གནང་བཞིན་པའི་འཛམ་གླིང་གི་དབུ་ཁྲིད་རྣམ་པའི་མངོན་འདོད་ལ་དང་ལེན་བྱེད་དགོས་པའི་དུས་སུ་སླེབས་ཡོད་”ཅེས་འཁོད་འདུག

པཎ་ཆེན་སྐུ་ཕྲེང་༡༠ སྐུ་གཤེགས་རྗེས་༡༩༩༥ ལོའི་ཕྱི་ཟླ་༥ ཚེས་༡༤ ཉིན་༧གོང་ས་མཆོག་གིས་པཎ་ཆེན་བཅུ་པའི་ཡང་སྲིད་དུ་དགེ་འདུན་ཆོས་ཀྱི་ཉི་མ་ངོས་འཛིན་བྱས་ནས་ཉིན་གསུམ་གྱི་རྗེས། རྒྱ་ནག་གཞུང་གིས་ཁོང་གི་ཕ་མ་ནང་མི་དང་བཅས་པ་བཙན་ཁྲིད་བྱས་ནས། གར་སོང་ཆ་མེད་དུ་གྱུར་པ་དང་། དེའི་སྐབས་ཁོང་དགུང་ལོ་༦ ཡིན་པས་རྒྱལ་སྤྱིའི་ནང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་དེ་ཆགས་ཡོད་པ་རེད། དེ་ནས་རྒྱ་ནག་གཞུང་གིས་བོད་ཕྲུག་གཞན་ཞིག་པཎ་ཆེན་གྱི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ། པཎ་ཆེན་རྒྱལ་མཚན་ནོར་བུའི་ཞེས་མིང་བཏགས་ཏེ། གསོ་སྐྱོང་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།