པཎ་ཆེན་རིན་པོ་ཆེ་རྩད་གཅོད་དང་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཚེས་༢༥ ཉིན་དྷ་ས་མེག་གྷན་དུ་དྷ་ས་ས་གནས་གཞོན་ནུ་ཚོགས་པ་དང་དྷ་ས་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱིས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་༢༧ ལ་སླེབས་པའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་སོང།

Penchen_2016_4_25ས་གནས་ཀྱི་ཚོགས་པ་གཉིས་ཀྱིས་པཎ་ཆེན་རིན་པོའི་ཆེའི་སྐུ་པར་མདུན་དུ་མར་མེ་མཆོད་འབུལ་བྱས་པ་དང། རྟེན་འབྲེལ་མཚོན་ཆེད་ཀྱི་འཁྲུངས་སྐར་སྤྲི་གོར་མི་མང་ནང་བགོ་འགྲེམས་བྱས་དང་འབྲེལ། ཉིན་དེར་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡོད་མེད་ལ་ལན་འདེབས་དགོས་པའི་རེ་སྐུལ་སྙན་ཞུའི་ཐོག་མི་མང་ནང་མཚན་རྟགས་བསྡུ་རུབ་བྱས་ཏེ། ཁོང་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

དབུས་བུད་མེད་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་ “ཉིན་མོ་འདིར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་གནས་འཁོད་བོད་མི་ཡོངས་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་བཙན་གནོན་འོག་ཡོད་པའི་བོད་མི་རྣམས་ཀྱིས་༡༩༩༥ལོ་ནས་བཟུང་རྒྱ་ནག་དམར་པོའི་འཛིན་བཟུང་འོག་ལ་ཡོད་པའི་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ལ་དྲན་གསོ་དང་ཁོང་གི་སྐུ་ཕྱྭའི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད་པ་རེད་”ཅེས་དང་། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་གནང་སྐྱོང་ཡོང་བ་དང་། ཁོང་རང་ཉིད་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཕྱིར་ཕེབས་ཀྱིས་ཆོས་ཕྱོགས་ཀྱི་མཛད་འགན་རྣམས་བདག་བཞེས་གནང་ཆོག་པའི་རེ་བསྐུལ་སླར་ཡང་ཞུ་བཞིན་ཡོད་”ཅེས་སོགས་འཁོད་ཡོད་པ་རེད།

༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ནི་༡༩༩༥ལོའི་ཟླ་༥བའི་ཚེས་༡༤ཉིན་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་དང་། དེ་ནས་ཉིན་གསུམ་གྱི་རྗེས་སུ་རྒྱ་ནག་གཞུང་གིས་ཁོང་དང་ནང་མི་དང་བཅས་པ་བཙན་ཁྲིད་བྱས་ནས། རྒྱ་ནག་གཞུང་གིས་མིང་ལ་རྒྱལ་མཚན་ནོར་བུ་ཞེས་པའི་ཕྲུ་གུ་གཞན་ཞིག་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་བྱས་པ་རེད།

༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ནི་དེའི་སྐབས་དགུང་ལོ་དྲུག་ཡིན་པས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་ཁོང་འཛམ་གླིང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་ལ་ངོས་འཛིན་བྱས་ཡོད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། བྱིས་པའི་ཐོབ་ཐང་རྒྱུན་ལས་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཁོང་གློད་གྲོལ་དགོས་པའི་ལས་འགུལ་སྣ་མང་སྤེལ་ཡང་། ད་དུང་རྒྱ་ནག་གཞུང་གིས་ཉན་འཇོག་གང་ཡང་མ་བྱས་པ་མ་ཟད། ས་གནས་གང་ཞིག་ཏུ་ཡོད་ཙམ་ཡང་གསལ་བཤད་བྱས་མེད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།