པཎ་ཆེན་རིན་པོ་ཆེའི་མ་འོངས་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༠༢ ཕྱི་ལོ་ ༢༠༢༠/༠༥/༡༤

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གློ་བུར་དུ་སྐུ་གཤེགས་པ་ནི། བོད་མི་རིགས་ལ་གྱོང་གུད་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད། ༧གོང་ས་མཆོག་ཕྱི་རུ་བཞུགས་ནས་བོད་ཀྱི་ཆོས་དང་རིག་གནས་དང་། བོད་ཀྱི་རྩ་དོན་ལ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་འཚོལ་ཐབས་གནང་བཞིན་པའི་ཐོག ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བོད་ནང་དུ་བཞུགས་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་དར་སྤེལ་དང་། བོད་མི་རིགས་ལ་ཁེ་ཕན་ཡོད་པའི་ལས་དོན་མང་པོ་ཞིག་གི་ཐོག་ལ་ཞལ་ཞེ་གཉིས་མེད་ཁ་རུ་ཁ་ཐུག་གིས་གསུངས་དགོས་ས་ལ་གསུངས། རྩོད་དགོས་ས་ལ་བརྩད་ནས་འབད་བརྩོན་ཆེན་པོ་མཛད་ཡོད། ད་ལྟ་བོད་ནང་དུ་བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་གྱི་ཐོག་ལ་ནུས་པ་དང་གྲུབ་འབྲས་ག་རེ་ཐོན་ཡོད་ཀྱང་། དེའི་རྨང་གཞི་འདིང་མཁན་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ཡིན། རྒྱལ་པཎ་རྣམ་གཉིས་བོད་ཕྱི་ནང་གཉིས་སུ་བཞུགས་ཏེ་མཛད་པ་མུ་མཐུད་སྐྱོང་ཐུབ་ཡོད་ན་ད་ལྟ་དང་མི་འདྲ་བར་བོད་ལ་རེ་བ་ཆེ་ཙམ་ཡོད་སྲིད།

རྒྱ་དམར་གཞུང་གིས་ཆེད་དུ་བསམ་སྦྱོར་ངན་པ་ལ་བརྟེན་ནས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློ་བུར་དུ་སྐུ་གཤེགས་པའི་གནས་ཚུལ་བྱུང་བ་ནི། རྩ་བས་ཆེད་དུ་བྱས་པ་ཞིག་ཡིན་ནའང་། དོན་དངོས་སུ་བོད་མི་རིགས་ཀྱི་སྤྱི་མཐུན་བསོད་ནམས་ཀྱིས་མ་ཐེག་པ་ཞིག་ཏུ་ངོས་འཛིན་ཞུས་ཀྱང་མི་འགྲིག་པ་གང་ཡང་མེད། ༧གོང་ས་མཆོག་གིས། ༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཟིན་པའི་རྗེས་སུ་སྐུ་འཁོར་དང་བཅས་པ་རྒྱ་དམར་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ནས་མི་ལོ་༢༥ འདས་ཟིན་ཀྱང་། ད་བར་སྐུ་འཚོ་བཞུགས་ཡིན་མིན་ཙམ་ཡང་གསལ་པོ་ཞིག་ཤེས་རྟོགས་བྱུང་མེད། རྒྱ་གཞུང་གི་མི་སྣ་རེ་ཟུང་གིས་འཚོ་བཞུགས་ཡོད་ཚུལ་ཙམ་ཐེངས་ཁ་ཤས་ལ་བརྗོད་ཡོད་ཀྱང་། དོན་དངོས་སུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐུ་བཀྲོངས་ནས། དེའི་ཚབ་ཏུ་ཕྲུ་གུ་གཞན་དག་ཅིག་ཟུར་བཀག་གསོ་སྐྱོང་བྱེད་ཀྱི་ཡོད་མེད་ཀྱང་བརྗོད་དཀའ་ལ། རྒྱ་གཞུང་ནི་ངོ་ཚ་ཞེ་ཁྲེལ་གང་ཡང་མེད་པར་སྤྱོད་ངན་སྣ་ཚོགས་བྱེད་མཁན་ཞིག་རེད།

བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་འཐུས་ཤོར་ཆེ་ཤོས་ནི། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་བྱུང་རྗེས་གསང་བ་དམ་པོ་ཞིག་མ་གནང་བར། བོད་ནང་དུ་བཞུགས་སྐབས་ནས་གནས་ཚུལ་དེ་ཕྱིར་བསྒྲགས་གནང་བ་ནི། ཚད་ལས་བརྒལ་བའི་ནོར་འཁྲུལ་ཆེན་པོ་ཞིག་རེད། ཡང་སྤྲུལ་ཆུང་སྲིད་རིན་པོ་ཆེ་བཙན་བྱོལ་དུ་གདན་འདྲེན་ཞུ་རྒྱུ་ཡིན་ན། གསང་བ་དམ་པོ་ཞིག་གི་ཐོག་ནས་ཞུ་མི་ཐུབ་པ་མེད་ཅིང་། སྐབས་དེ་དུས་ལོ་ན་ཆེ་ཆུང་མང་པོ་གངས་ལ་བརྒལ་ནས་ཡོང་གི་ཡོད་པ་དང་། འགྲམ་འགག་སྒོ་སོགས་ཀྱི་ཉེ་འགྲམ་ནས་ཀྱང་བྲོས་བྱོལ་དུ་ཡོང་མཁན་མང་པོ་ཡོད་པས། གསང་བ་དམ་པོའི་འོག་ས་མཚམས་བརྒལ་ཏེ་གདན་འདྲེན་ཞུ་ཐབས་གནང་དགོས་པ་ལས། ཆུང་སྲིད་རིན་པོ་ཆེ་བོད་ནང་དུ་བཞུགས་བཞིན་པའི་སྐབས་བཙན་བྱོལ་ནང་ནས་གསལ་བསྒྲགས་གནང་བ་དེ་ནི། ཕྱོགས་གང་ནས་བལྟས་ཀྱང་ནོར་འཁྲུལ་དང་འཐུས་ཤོར་ཞིག་ཏུ་གྱུར་ཡོད་པ་སོགས་སྐབས་དེའི་གནད་ཡོད་མི་སྣའི་ནང་གནས་ཚུལ་གླེང་ཕྱོགས་མང་པོ་ཡོད་ཀྱང་འདིར་མི་བརྗོད།

༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་འཇིག་རྟེན་འདིར་སྐུ་འཚོ་བཞུགས་ཡོད་སྲིད་པའི་དབང་དུ་བཏང་ཡང་། ཐུན་མོང་བའི་དབང་དུ་བྱས་ནས་བཤད་ན། ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་སོགས་བླ་སྤྲུལ་སྐྱེས་ཆེན་ཞིག་ལ་དགོས་པའི་སློབ་གསོའི་མཐུན་རྐྱེན་གང་ཡང་ཐོབ་མེད་པ་དང་། གཞན་ཡང་རྒྱ་གཞུང་གི་ཆབ་སྲིད་ཀྱི་ལོག་པའི་སློབ་གསོ་མང་པོ་ཞིག་སྦྱོང་དུ་བཅུག་ནས་སྔོན་སྦྱངས་ཀྱི་བག་ཆགས་མང་པོ་ཞིག་སད་རྒྱུའི་འགལ་རྐྱེན་དུ་གྱུར་ཡོད་སྲིད་པ་རེད། ད་དུང་བོད་རྒྱའི་གནད་དོན་གྲོས་མོལ་གྱི་ར་བ་ཞིག་ཏུ་སླེབས་པའི་དབང་དུ་བཏང་ན། རྒྱ་གཞུང་གི་བསྐོ་གཞག་བྱས་པའི་རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོ་མ་ཡིན་པའི་ཁས་ལེན་དགོས་ཞེས་སྔོན་འགྲོའི་ཆ་རྐྱེན་ཞིག་ཏུ་བརྩི་ངེས་རེད་ལ། འདི་ནས་ཀྱང་དང་ལེན་བྱེད་མི་སྲིད་པ་རེད་མི་འདུག གནད་དོན་དེ་དག་གི་ཐོག་ནས་བལྟས་ན་ཡང་སྲིད་རིན་པོ་ཆེ་ཞལ་བཞུགས་ཡོད་ནའང་མཛད་པ་འཕྲིན་ལས་ཡག་པོ་ཞིག་ཡོང་རྒྱུའི་ལམ་ཁ་དེ་ཕལ་ཆེར་ཁག་པོར་གྱུར་ཟིན་པ་རེད།

མདོར་ན་བདེ་ལྡན་ཞིང་གི་མགོན་པོ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་སྲིད་དོན་རྩོད་རྙོག་གི་ནང་དུ་ཚུད་སོང་བ་འདི་ཕྱོགས་གང་ནས་བལྟས་ཀྱང་། བོད་མི་རིགས་ལ་གྱོང་གུད་ཆེན་པོ་ཞིག་རེད། ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྟེང་ང་ཚོ་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པའི་སྐད་ཆ་ཞིག་ཡོད་ནའང་། དོན་དངོས་སུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༥ འགོར་ཡང་ད་ལྟའི་ཆར་སྐུ་འཚོ་བཞུགས་ཡོད་མེད་ཙམ་དང་། གལ་སྲིད་འཚོ་བཞུགས་ཡོད་ན་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་མིན་ཙམ་ཡང་ཤེས་རྟོགས་ཐུབ་མེད། གནད་དོན་འདིའི་ཐོག་ནས་བལྟས་ན་རྒྱ་དམར་གཞུང་གིས་བོད་དོན་ལ་སེམས་གཏིང་ནས་འཆར་གཞི་ག་རེ་ཡོད་མེད་དང་། བོད་མི་རིགས་ལ་དོན་དུ་ནུས་པ་ག་རེ་ཡོད་པ་དེ་ཡང་གསལ་པོ་བསྟན་པ་རེད། ང་ཚོའི་ངོས་ནས་མུ་མཐུད་རྒྱ་དམར་གཞུང་ལ་རེ་བ་བརྒྱབ་པ་ཁོ་ན་ཙམ་མ་ཡིན་པར་ད་ལྟའི་ཆར་རྒྱལ་སྤྱིའི་སྟེང་ནས་རྒྱ་གཞུང་ལ་ལྟ་ཚུལ་སྡུག་ཏུ་འགྲོ་བཞིན་པའི་དུས་འདིར་གོ་སྐབས་གང་ཡོད་པ་དེ་དུས་ཐོག་ལེན་ཐུབ་དགོས།།