པཱ་ལའི་སྐད་ཡིག་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་སྐད་ཡིག་ཏུ་ངོས་འཛིན་ཞུས།

རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲྭ་བའི་པར།

ཕྱི་ཟླ་༡༠ ཚེས་༡༧ ཉིན་རྒྱ་གར་དབུས་རིག་གཞུང་ལྷན་ཁང་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག་གནས་བརྟན་སྡེ་པའི་ལུགས་ལྟར་ལྷ་བབས་དུས་ཆེན་དང་། དེ་བཞིན་པཱ་ལའི་སྐད་ཡིག་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་སྐད་ཡིག་ཏུ་ངོས་འཛིན་ཞུས་པའི་མཛད་སྒོ་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(Vighyan Bhawan)་ཚོགས་ཁང་དུ་ཚོགས་ཡོད་པ་དང་། མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་སྲིད་བློན་མོ་དྷིས་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་ཏུ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ། དེ་བཞིན་ཆོས་རྒྱུད་རིས་མེད་ཀྱི་སྐུ་ཚབ་དང་རྒྱ་གར་ནང་གི་ནང་པའི་དགེ་འདུན་པ་དང་། གཞན་ཡང་ཤྲིལངྒ་དང་། འབར་མ་སོགས་ནང་པའི་ཡུལ་གྲུ་ཁག་ནས་སྐུ་ཚབ་དང་དགེ་འདུན་པ་བརྒྱ་ཕྲག་མང་པོ་ཕེབས་ཡོད་འདུག


སྐབས་དེར་སྲིད་བློན་མོ་དྷིས་ནས་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་དེ་བཞིན་རྒྱལ་ཁབ་ཁག་གི་གནད་ཡོད་བླ་ཆེན་རྣམས་ལ་སྐུ་གཟན་ཕུལ་ནས་ཆེ་བསྟོད་ཞུས་ཡོད་འདུག་ལ། དེ་བཞིན་སྲིད་བློན་ནས། རྒྱ་གར་གཞུང་གིས་གནའ་བོའི་པཱ་ལིའི་སྐད་ཡིག་གི་རིག་གཞུང་དང་ཆོས་ཀྱི་གལ་ཆེན་རང་བཞིན་ཡིན་པ་ནན་ཏན་དུ་གླེང་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རྗེས་བསྐྱར་གསོ་བྱེད་པའི་དམ་བཅའ་བརྟན་པོ་ཞིག་བཟུང་ཡོད་སྐོར་དང་། སྔོན་དུས་ནང་པའི་ལྟེ་གནས་ཡིན་པའི་རང་ཉིད་ཀྱི་སྐྱེས་ཡུལ་དང་འབྲེལ་ཏེ་ཁོང་སྐྱེ་དུས་ནས་སངས་རྒྱས་དང་མཇལ་བའི་འགྲུལ་བཞུད་འགོ་བཙུགས་ཏེ་མུ་མཐུད་མི་ཚེ་གང་པོར་སངས་རྒྱས་དང་འབྲེལ་བ་རང་ཉིད་ཀྱི་བསོད་ནམས་ཡིན་ཚུལ། འདས་པའི་ལོ་བཅུའི་རིང་ནང་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་མང་པོར་མཉམ་ཞུགས་གནང་བའི་ཉམས་མྱོང་ལ་གཞི་བཅོལ་ནས། ནང་པའི་ཆོས་ལུགས་དང་འབྲེལ་བའི་ཁོང་གི་དད་མོས་ཀྱི་སྐོར་སོགས་གསུངས་པ་དང་།

རྒྱ་གར་གྱིས་སངས་རྒྱས་ལ་དད་གུས་དང་འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་པའི་ཐབས་ལམ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་པ། སངས་རྒྱས་ལ་དད་ཅིང་ནང་བསྟན་གྱི་སྐོར་གོ་རྟོགས་ཡོད་མཁན་གྱི་རྒྱལ་ཁབ་དང་མི་མང་རྣམས་མཉམ་འདུས་ཡོང་ཆེད་འབད་བརྩོན་གནང་གི་ཡོད་པའི་སྐོར་དང་། གཞན་ཡང་འབར་མ་དང་ཤྲིལངྒ་། དེ་བཞིན་ཐེ་ལན་སོགས་ཀྱིས་འདིའི་ཐད་དོན་སྙིང་ལྡན་པའི་འབད་བརྩོན་གནང་བཞིན་པར་བསྔགས་བརྗོད་དང་སྦྲགས།  རྒྱ་གར་ནང་དུའང་སྲོལ་རྒྱུན་གྱི་ཐབས་ལམ་དང་མཉམ་དུ་པཱ་ལིའི་སྐད་ཡིག་དར་སྤེལ་གཏོང་བའི་ཕྱོགས་སུ་འབད་བརྩོན་བྱེད་བཞིན་ཡོད་པ་སོགས་གསུངས་འདུག དེ་བཞིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མཆོག་ལ་རྒྱ་གར་གཞུང་གིས་པཱ་ལིའི་སྐད་ཡིག་དེ་བཞིན་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁོངས་སུ་གཞུང་འབྲེལ་ངོས་འཛིན་གྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།