པཱོོ་ལན་ཌའི་ནང་ཁྲིམས་ཁང་གིས་མངལ་དབྱུང་ལ་བཀག་སྡོམ་ཆེན་པོ་བྱས་འདུག 

ཡུ་རོབ་ནང་དུ་མངལ་དབྱུང་བཀག་འགོག་གི་ཁྲིམས་དམ་ཤོས་གྲས་སུ་པོ་ལན་ཌ་ཡོད་པ་ལྟར། ཐེངས་འདིར་ཁྲིམས་ཁང་མཐོ་ཤོས་ཀྱིས་རྒྱལ་ཁབ་དེའི་ནང་མངལ་དབྱུང་རིགས་ཕལ་ཆེ་བ་ཞིག་བཀག་སྡོམ་བྱས་འདུག་པས། ཐག་གཅོད་དེ་ནི་བུད་མེད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་བྱས་པའི་སྐྱོན་བརྗོད་བྱེད་བཞིན་འདུག 

ཟླ་༡༠ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པཱོ་ལན་ཌ་ནང་གི་ཁྲིམས་ཁང་མཐོ་ཤོས་རྩ་ཁྲིམས་ཀྱི་ཁྲིམས་ཁང་གིས། རྒྱལ་ཁབ་དེའི་ནང་བུད་མེད་ཚོས་མངལ་ཆགས་པ་ལ་སྐྱོན་ཆ་ཡོད་པའི་གནས་སྟངས་འོག་མངལ་དབྱུང་བྱེད་པ་ནི་རྩ་ཁྲིམས་དང་མཐུན་གྱི་མེད་པ་ཐག་གཅོད་བྱས་ཡོད་འདུག  དེ་ཡང་རྒྱལ་ཁབ་དེའི་ནང་མངལ་དབྱུང་བྱེད་མཁན་བུད་མེད་ཕལ་ཆེ་བས་ཕྲུ་གུར་སྐྱོན་ཆ་ཡོད་པའི་གཞི་རྩའི་འོག་མངལ་དབྱུང་བྱེད་ཀྱི་ཡོད་འདུག་པས། ཐག་གཅོད་དེས་རྒྱལ་ཁབ་དེའི་ནང་མངལ་དབྱུང་ཕལ་ཆེ་བ་བཀག་སྡོམ་ཆགས་རྒྱུ་ཡིན་འདུག 

དེ་ཡང་ཁྲིམས་ཁང་དེའི་ཁྲིམས་དཔོན་ཕལ་ཆེ་བ་རྙིང་ཞེན་རིང་ལུགས་པའི་སྲིད་དོན་ཚོགས་པས་བསྐོ་གཞག་བྱས་པ་ཡིན་འདུག་པས། རང་བཞིན་གྱིས་མངལ་དབྱུང་དེ་ནི་ཡེ་ཤུ་ཁེ་ཐོ་ལེག་ཆོས་ལུགས་དང་འགལ་གྱི་ཡོད་པའི་ལྟ་གྲུབ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཐག་གཅོད་དེ་བྱས་པའི་ཉིན་མོ་ནི་བུད་མེད་ཀྱི་ཐོབ་ཐང་ལ་ཡིད་སྐྱོ་དགོས་པའི་ཉིན་མོ་ཞིག་ཡིན་པ་དང་། པཱོ་ལན་ཌ་ནང་ཁྲིམས་མཐུན་གྱི་མངལ་དབྱུང་ཚང་མའི་གཞི་རྩ་མེད་པ་བཟོས་པ་དེ་ནི་མངལ་དབྱུང་བཀག་སྡོམ་བྱས་པ་དང་གཅིག་མཚུངས་ཡིན་པས། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་སྐོར་བརྗོད་འདུག 

ཁྲིམས་ཁང་གི་ཐག་གཅོད་དེ་ལག་བསྟར་བྱེད་མགོ་བཙུགས་རྗེས། མངལ་དབྱུང་དེ་བཙན་གཡེམ་དང་ལོག་གཡེམ་ནས་མངལ་ཆགས་པ་དང་། དེ་བཞིན་ཨ་མའི་འཕྲོད་བསྟེན་ལ་ཉེན་ཁ་ཡོད་ན་མ་གཏོགས་ཁྲིམས་འགལ་ཆགས་ཀྱི་ཡོད་འདུག པཱོ་ལན་ཌ་རྒྱལ་ཁབ་དེ་ནི་ཡུ་རོབ་ནང་དུ་ཡེ་ཤུ་ཁེ་ཐོ་ལེག་ཆོས་ལུགས་ལ་དད་པ་ཤུགས་ཆེ་ཤོས་བྱེད་མཁན་ཡིན་འདུག་པ་དང་། དེའི་ནང་ཆོས་དཔོན་དང་མི་མང་རྙིང་ཞེན་ལྟ་བ་འཛིན་མཁན་རུ་ཁག་གིས། གཞུང་འཛིན་སྲིད་དོན་ཚོགས་པར། མངལ་དབྱུང་གི་ཁྲིམས་དམ་དུ་གཏོང་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་འདུག དེ་ཡང་གཞུང་འཛིན་སྲིད་དོན་ཚོགས་པ་དེ་ཡང་རྙིང་ཞེན་རིང་ལུགས་པ་ཡིན་ཁར། རྩ་ཁྲིམས་ཀྱི་ཁྲིམས་ཁང་གི་ཁྲིམས་དཔོན་ཕལ་ཆེ་བ་ཁོ་ཚོས་བསྐོ་གཞག་བྱས་པ་ཡིན་འདུག་པས། ལོ་སྔོན་མར་ཁྲིམས་ཁང་དེས་གནད་དོན་དེར་ཐག་གཅོད་དགོས་པའི་སྐུལ་མ་བྱས་པ་ལྟར། ཐེངས་འདིར་ཐག་གཅོད་ཀྱང་རྙིང་ཞེན་རིང་ལུགས་པ་རྣམས་དགའ་དགོས་པ་ཞིག་བྱས་འདུག འོན་ཀྱང་ལོ་མང་རིང་རྒྱལ་ཁབ་དེའི་བསམ་ཚུལ་བསྡུ་ལེན་ཁག་ཅིག་གི་ནང་དུ། མི་མང་ཕལ་ཆེ་བས་མངལ་དབྱུང་གི་ཁྲིམས་དམ་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད་པ་རེད་འདུག 

ལོ་སྔོན་མར་རྒྱལ་ཁབ་དེའི་ཁྲིམས་མཐུན་གྱི་མངལ་དབྱུང་༡༠༠༠ བྱས་འདུག་པ་དང་། བུད་མེད་ཐོབ་ཐང་ཚོགས་པ་ཚོས་ལོ་གཅིག་ནང་རྒྱལ་ཁབ་དེའི་བུད་མེད་༨༠,༠༠༠ ནས་༡༢༠,༠༠༠ བར་རྒྱལ་ཁབ་གཞན་དུ་མངལ་དབྱུང་ཆེད་དུ་བསྐྱོད་ཀྱི་ཡོད་པ་ཚོད་དཔག་བྱེད་བཞིན་འདུག 

རྒྱལ་སྤྱིའི་ནང་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ཅིག དེ་བཞིན་ཆོས་དད་གུ་དོག་གི་ལྟ་བ་ཤུགས་ཆེན་ཡོད་མཁན་གྱི་རྒྱལ་ཁབ་ཁག་ནང་། བུད་མེད་ཀྱི་མངལ་དབྱུང་དེ་ནི་ཆོས་ལུགས་དང་མི་མཐུན་པ་ཡིན་སྐོར་བརྗོད་ནས་བཀག་སྡོམ་བྱེད་ཐབས་བྱེད་མཁན་ཚོགས་སྡེ་མང་པོ་ཡོད་ཁར། དགག་ཕྱོགས་སུ་མངལ་དབྱུང་དེ་ནི་བུད་མེད་དང་འབྲེལ་བ་ཡོད་པས། བུད་མེད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡིན་སྐོར་བརྗོད་ནས་བཀག་སྡོམ་ལ་ངོ་རྒོལ་བྱེད་མཁན་ཡང་མང་པོ་ཡོད་པ་རེད། རྒྱལ་ཁབ་དང་མངའ་སྡེ་ཁག་ཅིག་ནང་མངལ་དབྱུང་གི་ཁྲིམས་དམ་པོ་ཡོད་རྐྱེན། བུད་མེད་ཚོས་མངལ་དབྱུང་ཆེད་དུ་རྒྱལ་ཁབ་གཞན་དང་མངའ་སྡེ་གཞན་དུ་ལས་དོན་དེའི་ཆེད་དུ་སྐྱོད་དགོས་པ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་མངལ་དབྱུང་གི་གནད་དོན་དེ་ནི་འོས་བསྡུའི་གནད་དོན་གལ་ཆེན་ཞིག་ཀྱང་ཆགས་ཀྱི་ཡོད་འདུག སྲིད་དོན་པ་ཚོས་རྙིང་ཞེན་པ་ཚོ་ནས་འོས་ཤོག་ཐོབ་ཆེད་དུ། མངལ་དབྱུང་ཐོབ་ཐང་ལ་གུ་དོག་གི་གཏམ་བཤད་སྤེལ་གྱི་ཡོད་པ་དང་། ཁྲིམས་ཁང་ཁག་ཏུ་ཡང་རྙིང་ཞེན་ལྟ་བ་འཛིན་མཁན་ཁྲིམས་དཔོན་བསྐོ་གཞག་བྱེད་རྒྱུ་ཁས་ལེན་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།