པུ་ཀྲེན་གྱིས་སྲིད་དབང་འཛིན་པའི་དུས་ཡུན་རིང་དུ་གཏོང་ཐབས་བྱེད་བཞིན་འདུག
ཨུ་རུ་སུའི་རྩ་ཁྲིམས་གཞིར་བཟུང་བྱས་ན་ཕྱི་ལོ་༢༠༢༤ ལོར་སྲིད་འཛིན་པུ་ཀྲེན་གྱི་ལས་ཡུན་རྫོགས་ཀྱི་ཡོད་འདུག་ཀྱང་། རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་ནང་པུ་ཀྲེན་བསྐྱར་དུ་སྲིད་འཛིན་ལ་སྐབས་གཉིས་བསྟུད་མར་འོས་འགྲན་བྱེད་རྒྱུ་ཡོད་པ་བཟོ་རྒྱུའི་བསམ་ཚུལ་བཏོན་ནས་རྒྱབ་སྐྱོར་ཐོབ་འདུག་པས། པུ་ཀྲེན་ཕྱི་ལོ་༢༠༣༦ བར་སྲིད་འཛིན་གྱི་ལས་གནས་སུ་གནས་སྲིད་པ་རེད་འདུག དགག་བྱ་བྱེད་མཁན་ཚོས་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་འདུག
ཟླ་༣ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༠ ཉིན་ཨུ་རུ་སུའི་གྲོས་ཚོགས་འོག་མའི་ནང་དུ་རྩ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་འགྲོ་བཞིན་པའི་སྐབས་སུ། གྲོས་ཚོགས་འཐུས་མི་ཞིག་གིས་སྲིད་འཛིན་པུ་ཀྲེན་ཕྱི་ལོ་༢༠༢༤ ལོར་སྲིད་འཛིན་འོས་འགྲན་དུ་ལང་ཆོག་པ་བཟོ་དགོས་པའི་ཁྲིམས་འཆར་བཏོན་འདུག དེའི་རྗེས་སུ་སྔོན་ཚུད་ནས་འཆར་གཞི་དང་གྲ་སྒྲིག་བྱས་ཡོད་པ་འདྲ་བའི་བརྒྱུད་རིམ་ཞིག་ཕྱིན་ཡད་འདུག དེ་ཡང་གྲོས་ཚོགས་ཀྱི་ཚོགས་གཙོས་སྲིད་འཛིན་པུ་ཀྲེན་གྱིས་གྲོས་ཚོགས་ལ་ཁྲིམས་འཆར་དེའི་ཐོག་སྒེར་གྱི་བསམ་ཚུལ་བཤད་ཆེད་དུ་བཅར་རྒྱུ་ཡིན་པའི་གསལ་བསྒྲགས་བྱས། གྲོས་ཚོགས་འཐུས་མི་རྣམས་པུ་ཀྲེན་སླེབས་རྒྱུ་སྒུག་བཞིན་པའི་སྐབས་སུ། པུ་ཀྲེན་ལ་རྒྱབ་སྐྱོར་བྱེད་མཁན་ཨུ་རུ་སུ་ཆིག་སྒྲིལ་སྲིད་དོན་ཚོགས་པའི་འཐུས་མི་ཚོས། ཁྲིམས་འཆར་འདིར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་གྲོས་ཚོགས་ནང་བསྒྲགས་འདུག
རྗེས་སུ་པུ་ཀྲེན་སླེབས་ནས་ཁོ་རང་སྒེར་གྱི་བསམ་ཚུལ་ལ་མ་འོངས་པར་ཨུ་རུ་སུའི་སྲིད་འཛིན་ལས་ཡུན་སྐབས་གཉིས་ཀྱི་ཚད་བཀག་ཡོད་པ་དེ་ལག་བསྟར་བྱེད་རྒྱུ་གལ་ཆེན་འཛིན་གྱི་ཡོད་ཀྱང་། ད་ལྟའི་ཆར་ཨུ་རུ་སུའི་བརྟན་ལྷིང་ལ་ཕྱིའི་རྒྱལ་ཁབ་དང་རྒྱལ་ནང་གི་ཉེན་ཁ་ཡོད་པས། འགྱུར་བ་དེ་འདྲ་ཞིག་གཏོང་བའི་དུས་སླེབས་མེད་པ། དེ་བཞིན་ཁོ་རང་ཕྱི་ལོ་༢༠༢༤ ལོར་བསྐྱར་དུ་སྲིད་འཛིན་འོས་འགྲན་བྱེད་ཆོག་པའི་ཁྲིམས་འཆར་དེར་ཨུ་རུ་སུའི་རྩ་ཁྲིམས་ཀྱི་ཁྲིམས་ཁང་གིས་རྒྱབ་སྐྱོར་ཐོབ་རྒྱུ་གལ་ཆེན་ཆགས་ཡོད་པ་ནན་བརྗོད་བྱས་འདུག ཁོང་གི་གཏམ་བཤད་རྗེས་སུ་གྲོས་ཚོགས་འོག་མའི་ནང་དུ་ཁྲིམས་འཆར་དེར་འོས་བསྡུ་བྱས་ཏེ་རྒྱབ་སྐྱོར་ཐོབ་འདུག
ཟླ་༤ པའི་ཚེས་༢༢ ཉིན་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ལ། མང་མོས་འོས་བསྡུ་ཐག་གཅོད་བྱེད་རྒྱུ་ཡིན་འདུག་པས། པུ་ཀྲེན་བསྐྱར་དུ་སྲིད་འཛིན་འོས་འགྲན་བྱེད་ཆོག་པ་བཟོ་བའི་ཁྲིམས་འཆར་དེ་ཡང་མང་མོས་འོས་བསྡུའི་ཐག་གཅོད་འོག་ཚུད་ཡོད་ཁར། རྩ་ཁྲིམས་ཀྱི་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་འདུག
ཨུ་རུ་སུའི་རྩ་ཁྲིམས་ལྟར་ན་ཕྱི་ལོ་༢༠༢༤ ལོར་སྲིད་འཛིན་པུ་ཀྲེན་གྱི་ལས་ཡུན་མཇུག་བསྒྲིལ་བ་ཡིན་འདུག་ཀྱང་། ཁྲིམས་འཆར་གསར་པ་དེ་དངོས་སུ་གཏན་འབེབས་བྱུང་ཚེ། པུ་ཀྲེན་ལོ་དྲུག་རེ་བྱས་པའི་སྐབས་གཉིས་རིང་སྲིད་འཛིན་ལས་ཁུར་བྱེད་ཆོག་པ་ཡིན་འདུག ད་ལྟའི་ཆར་པུ་ཀྲེན་གྱིས་ཕྱི་ལོ་༢༠༢༤ ལོར་སྲིད་འཛིན་འོས་འགྲན་བྱེད་འཆར་ཡོད་མེད་གསལ་པོ་བཟོས་མེད་ཀྱང་། རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག
པུ་ཀྲེན་གྱི་བྱེད་ལས་དེར་སྐྱོན་བརྗོད་བྱེད་མཁན་ཚོས། དེ་ནི་རྩ་ཁྲིམས་མགོ་རྟིང་བསློགས་པདང་གཅིག་མཚུངས་ཡིན་སྐོར་བརྗོད་འདུག་པ་དང་། ལས་འགུལ་བའི་ཚོགས་པ་ཁག་ཅིག་གིས་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་ཞུས་ཡོད་སྐོར་བསྒྲགས་འདུག་ཀྱང་། ཏོག་དབྱིབས་ནད་དུག་གི་ཛ་དྲག་གནས་སྟངས་རྐྱེན་པས་མི་མང་འདུ་འཛོམས་༥༠༠༠ ལས་མང་བ་བྱེད་མི་ཆོག་པ་བཟོས་ཡོད་འདུག་པས། ངོ་རྒོལ་ལས་འགུལ་ལ་ཆོག་མཆན་ཐོབ་མིན་བརྗོད་དཀའ་བ་རེད་འདུག
གལ་ཏེ་མང་མོས་འོས་བསྡུ་ཐག་གཅོད་དང་རྩ་ཁྲིམས་ཀྱི་ཁྲིམས་ཁང་ནས། ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་ཚེ། པུ་ཀྲེན་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་། ཏུར་ཀིའི་སྲིད་འཛིན་ཨེར་གྷོན་གཉིས་ལྟར། དབང་ཆ་གཅིག་སྡུད་ཀྱི་འགོ་ཁྲིད་ཁོངས་ནས་དབང་འཛིན་དུས་ཡུན་རིང་དུ་གཏོང་ཐུབ་མཁན་གྲས་ཚུད་རྒྱུ་ཡིན་འདུག པུ་ཀྲེན་གྱིས་ད་བར་མི་ལོ་༢༠ ལྷག་རིང་ཨུ་རུ་སུའི་སྲིད་དབང་འཛིན་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།