པུ་ཀྲེན་གྱིས་ཨ་རིའི་ཨབ་གྷན་ནང་དུ་གྲུབ་འབྲས་གང་ཡང་ཐོན་མེད་སྐོར་བརྗོད་འདུག
ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས་ཨབ་གྷན་ནང་དུ་ཨ་རིའི་ལོ་ངོ་༢༠ ཡི་རིང་བཙན་འཛུལ་བྱས་པའི་མཐའ་མར་གྲུབ་འབྲས་གང་ཡང་ཐོན་མེད་སྐོར་བརྗོད་པ་དང་། དེ་སྔོན་ཨུ་རུ་སུས་ཨབ་གྷན་གྱི་ཏ་ལི་བྷན་ཚོགས་པ་དང་འབྲེལ་ལམ་དམ་དུ་གཏོང་ཐབས་བྱེད་བཞིན་ཡོད་སྐོར་དང་ཨབ་གྷན་གྱི་དཔལ་འབྱོར་སླར་གསོ་བྱེད་པར་རམ་འདེགས་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཟླ་༩ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡ ཉིན་ཨུ་རུ་སུའི་གཞོན་སྐྱེས་ཁག་ཅིག་དང་གླེང་མོལ་གྱི་ལས་རིམ་ཐོག་ཏུ། ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས་བརྗོད་དོན་ལ། ཨ་རིས་ལོ་ངོ་༢༠ ཡི་རིང་ཨབ་གྷན་མི་མང་དང་སྲིད་དོན་ཁོར་ཡུག་ཐོག་ཏུ། ཨ་རིའི་བསམ་སྤྱོད་སོགས་བཙན་གྱིས་སྤེལ་ཐབས་བྱས་ཡོད་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་པ་དང་། དེ་ལས་ཨ་རི་དང་ཨབ་གྷན་གཉིས་ཀར་གྱོང་གུད་ཆེན་པོ་ཐེབས་ཡོད་པ་དང་། ལྷག་པར་དུ་ཨབ་གྷན་མི་མང་ལ་དཀའ་སྡུག་ཆེན་པོ་བྱུང་ཡོད་སྐོར་བརྗོད་འདུག
ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས་ད་བར་ནུབ་ཕྱོགས་རྒྱལ་ཁབ་ཚོས་རང་ཉིད་ཀྱི་རིན་ཐང་ལ་ལྟ་བ་སོགས་རྒྱལ་ཁབ་གཞན་གྱི་ཐོག་ཏུ་བཙན་སྐུལ་བྱེད་ཐབས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་མང་པོ་བྱེད་མྱོང་ཡོད་ཁར། དེ་སྔོན་ཨབ་གྷན་ཐོག་གི་ཨ་རིའི་སྲིད་བྱུས་ལ་སྐྱོན་བརྗོད་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག
ད་ལྟའི་ཆར་ཨབ་གྷན་གྱི་སྲིད་དབང་དེ་དྲག་སྤྱོད་ཚོགས་པ་ཏ་ལི་བྷན་གྱིས་བཙན་བཟུང་བྱས་ཟིན་པ་ལྟར། བདུན་ཕྲག་སྔོན་མར་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས་ཨབ་གྷན་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་འཆར་མེད་པ་དང་། དེ་སྔོན་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཨབ་གྷན་ནང་དུ་བཙན་འཛུལ་བྱས་པའི་རྐྱེན་གྱིས་སྣ་སུན་ཐོབ་ཡོད་ཚུལ་བརྗོད་འདུག དེ་ཡང་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཨབ་གྷན་ནང་དུ་བཙན་འཛུལ་གྱིས་ལོ་ངོ་༡༠ རིང་དམག་འཁྲུག་བྱས་ཏེ་མཐའ་མར་ཕྱི་ལོ་༡༩༨༩ ལོར་དམག་མི་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད་འདུག
དེ་བཞིན་པུ་ཀྲེན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨབ་གྷན་གྱི་སྐྱབས་བཅོལ་བ་རྣམས་ཨེ་ཤི་ཡའི་དབུས་རྒྱལ་ཁབ་ཁག་ཏུ་འཇོག་ཐབས་བྱེད་བཞིན་པ་དེར་སྐྱོན་བརྗོད་ཀྱིས། དེ་ལ་བརྟེན་ནས་ཨུ་རུ་སུའི་མཐུན་ཕྱོགས་རྒྱལ་ཁབ་དེ་དག་ནང་ཁ་ཆེའི་མཁྲེགས་འཛིན་རིང་ལུགས་དར་ཁྱབ་འགྲོ་སྲིད་པའི་ཉེན་ཁ་ཡོད་སྐོར་བརྗོད་འདུག
སྤྱིར་བཏང་ཏ་ལི་བྷན་གྱིས་ཨབ་གྷན་གྱི་སྲིད་དབང་བཙན་བཟུང་མ་བྱས་པའི་སྔོན་ནས། ཨུ་རུ་སུ་དང་ཏ་ལི་བྷན་གཉིས་བར་འབྲེལ་ལམ་ཡག་པོ་ཡོད་འདུག་པ་དང་། ད་ལྟའི་ཆར་ཨབ་གྷན་དུ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཀྱིས་ཏ་ལི་བྷན་དང་འབྲེལ་ལམ་འཛུགས་པའི་ལས་དོན་སྤེལ་བཞིན་ཡོད་པ་རེད། ཨབ་གྷན་གྱི་དཔལ་འབྱོར་སླར་གསོ་བྱེད་པར་ཨུ་རུ་སུ་ནས་རམ་འདེགས་བྱེད་རྒྱུར་གྲ་སྒྲིག་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨབ་གྷན་གཞུང་གི་དངུལ་སོགས་རྒྱུ་ནོར་རྣམས་ལ་བཀག་རྒྱ་མི་གཏོང་བའི་རེ་སྐུལ་བྱས་འདུག
དེ་སྔོན་ཏ་ལི་བྷན་ལ་རྒྱལ་ཁ་ཐོབ་ཟིན་ནས་ཉིན་ཤས་རྗེས་སུ། ཨབ་གྷན་དུ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་པས་ཏ་ལི་བྷན་གྱི་ལས་དོན་བྱེད་ཕྱོགས་ལ་བསྟོད་བསྔགས་བཏང་ནས། སྲིད་དབང་འཛིན་མཁན་ཚོགས་པ་དེ་ལས་ལྷག་པ་ཞིག་མེད་པས། དེར་འགོག་རྒོལ་བྱེད་ཚེ་གྲུབ་འབྲས་ཐོན་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།
ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་དབྱིན་ཡུལ་སོགས་ཀྱི་ཏ་ལི་བྷན་ཐོག་ལ་ངོས་འཛིན་བྱེད་ཕྱོགས་དང་། ཨུ་རུ་སུའི་བསམ་བློ་གཉིས་བར་འགལ་ཟླ་ཆེན་པོ་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།