པུ་ཊེན་གྱིས་ཊོམ་ལ་ཐུགས་རྗེ་ཆེ་ཞུས་འདུག

ཨུ་རུ་སུའི་སྲིད་འཛིན་ཝལ་ཌེ་མེར་པུ་ཊེན་གྱིས་ཨ་རིའི་སྲིད་འཛིན་ཊོམ་ལ་ཁ་པར་བཏང་ནས། ཨ་རིའི་གསང་བའི་ལས་ཁུངས་ཀྱི་རོགས་རམ་ལ་བརྟེན་ནས། ཨུ་རུ་སུ་ནང་འཇིགས་སྐུལ་དྲག་སྤྱོད་པའི་འཆར་གཞི་བཀག་འགོག་བྱེད་ཐུབ་པར། ཐུགས་རྗེ་ཆེ་ཞུས་འདུག

ཟླ་༡༢ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སིའི་ཚོགས་མི་བདུན་གྱིས། ཟླ་༡༢ པའི་ཚེས་༡༦ ཉིན་ཨུ་རུ་སུའི་གནའ་བོའི་རྒྱལ་ས་སེན་ཌེ་པི་ཊེར་སེ་བྷག་ཏུ་ཡོད་པའི་ཡེ་ཤུའི་ལྷ་ཁང་དང་། དེ་བཞིན་གྲོང་ཁྱེར་དེའི་ནང་མི་མང་འདུ་འཛོམས་བྱེད་ཡུལ་ཁག་ཅིག་ལ། རང་མེད་གཞན་མེད་ཀྱི་འབར་གས་དྲག་རྒོལ་བྱེད་འཆར་ཡོད་འདུག་ཀྱང་། གནས་ཚུལ་དེ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཤེས་ཏེ། ཨུ་རུ་སུའི་གསང་བའི་ལས་ཁུངས་ལ་གནས་ཚུལ་དེ་མཁོ་སྤྲོད་བྱས་འདུག

ཟླ་༡༢ པའི་ཚེས་༡༥ ཉིན་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས། འཇིགས་སྐུལ་རིང་ལུགས་པ་བདུན་འཛིན་བཟུང་བྱས་ཡོད་པ་དང་། དེ་དག་མཉམ་དུ་འབར་རྫས་དང་མཚོན་ཆ། མཁྲེགས་འཛིན་པའི་དེབ་སོགས་མང་པོ་ཞིག་ལག་སོན་བྱུང་སྐོར་གསལ་བསྒྲགས་བྱས་འདུག

ཨུ་རུ་སུའི་སྲིད་འཛིན་པུ་ཊེན་གྱིས་ཟླ་༡༢ པའི་ཚེས་༡༧ ཉིན། ཨ་རིའི་སྲིད་འཛིན་ལ་ཁ་པར་བཏང་ནས། གནས་ཚུལ་མཁོ་སྤྲོད་བྱས་པ་དེས་མི་མང་པོའི་སྲོག་སྐྱོབ་ཐུབ་པ་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ལ་ཡང་ཐུགས་རྗེ་ཆེ་ཞུའི་ལན་བསྐྱལ་རོགས་ཞུས་པ་དང་སྦྲགས། ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་ཨ་རིར་དམིགས་པའི་འཇིགས་སྐུལ་དྲག་རྒོལ་གྱི་གནས་ཚུལ་ཤེས་ཚེ། ཨ་རིར་མཁོ་སྤྲོད་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཨ་རིའི་ཕོ་བྲང་དཀར་པོས་ཕྱོགས་གཉིས་ཀྱི་སྲིད་འཛིན་གྱིས། ཐེངས་འདིའི་གྲུབ་འབྲས་ནི་ཕྱོགས་གཉིས་བར་མཉམ་ལས་བྱས་ན་གྲུབ་འབྲས་བཟང་པོ་ཐོན་རྒྱུ་ཡིན་པའི་དཔེ་མཚོན་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་སྐོར་བསྒྲགས་འདུག

ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གྱིས། སི་རི་ཡ་ནས་ཕྱིར་ལོག་ཡོང་བཞིན་པའི་འཇིགས་སྐུལ་རིང་ལུགས་པ་ཚོ། ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་ཡིན་པ་དང་། ཕྱི་ལོ་༢༠༡༧ ལོའི་ནང་གསང་བའི་ལས་ཁུངས་ཀྱིས་རྒྱལ་ནང་དུ། འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་གྱི་འཆར་གཞི་༡༨ བཀག་འགོག་བྱས་ཡོད་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༧ ལོའི་ཟླ་༤ པའི་ཚེས་༣ ཉིན་ཨུ་རུ་སུའི་གྲོང་ཁྱེར་སེན་ཌེ་པི་ཊེར་སེ་བྷག་ཏུ། འགྲུལ་བཞུད་བྱེད་བཞིན་པའི་ས་འོག་མེ་འཁོར་ཞིག་ནང་། འཇིགས་སྐུལ་རིང་ལུགས་པས་འབར་རྫས་སྤར་ནས། མི་༡༤ བསད་ཡོད་པ་དང་ཉུང་མཐར་མི་༤༥ ལ་རྨས་སྐྱོན་བཟོས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།