“པེ་ཅིན་གཞུང་ལ་རྒོལ་བ་”ཞེས་པའི་ཟླ་བ་དྲུག་གི་ལས་འགུལ་འགོ་འཛུགས།

བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རང་བཙན་ལས་འགུལ་བ་བསྟན་པ་དར་རྒྱས་ལགས་ཀྱིས་ཨོ་གླིང་གི་གྲོང་ཁྱེར་ཕར་ཐི་(Perth)རུ་པེ་ཅིན་གཞུང་ལ་རྒོལ་བ་”ཞེས་པའི་ཟླ་བ་དྲུག་གི་ལས་འགུལ་འགོ་འཛུགས་གནང་བ་དང་། ཐེངས་འདིའི་ལས་འགུལ་ནང་ཁོང་མཉམ་དུ་བོད་མི་གསུམ་མཉམ་ཞུགས་བྱས་འདུག

དེ་རིང་སྟེ་ཕྱི་ཟླ་༧ ཚེས་༡༧ རེས་གཟའ་པ་སངས་ཉིན་རང་བཙན་ལས་འགུལ་བ་ཁོང་གིས་ངོ་དེབ་ཀྱི་ཐད་གཏོང་བརྒྱུད་དེ་“པེ་ཅིན་གཞུང་ལ་རྒོལ་བ་”ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་སྐོར་བསྒྲགས་པ་མ་ཟད། ལས་འགུལ་སྤེལ་ཡུལ་གྱི་ས་ཆའི་ཆོག་མཆན་མ་ཐོབ་པ་ལྟ་བུའི་དཀའ་ངལ་དམིགས་བསལ་འདྲ་མ་འཕྲད་པ་ཡིན་ན། ལས་འགུལ་དེའི་རྒྱུན་ཟླ་བ་དྲུག་སྟེ་༢༠༢༠ མ་རྫོགས་བར་སྤེལ་རྒྱུ་ཡིན་ཞེས་གསུངས་འདུག

ཁོང་གིས་ད་ཐེངས་ཀྱི་ལས་འགུལ་འདིའི་ནང་དགོས་འདུན་གཙོ་བོ་བཞི་བཏོན་འདུག་པ་གཤམ་གསལ་ལྟར།

༡) རྒྱ་ནག་དམར་པོའི་གཞུང་གིས་ངེས་པར་དུ་ཨོ་གླིང་ནང་དུ་བཙན་ཤེད་མཚམས་འཇོག་བྱེད་དགོས། 

༢) རྒྱ་ནག་དམར་པོའི་གཞུང་གིས་ངེས་པར་དུ་འཛམ་གླིང་ལ་སྐྱག་རྫུན་ཤོད་མཚམས་འཇོག་དགོས། 

༣) བོད་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་འགྱུར་མྱོང་མེད། 

༤) བོད་ནི་རྒྱ་ནག་གིས་ཁྲིམས་འགལ་ཐོག་ནས་ཧམ་བཟུང་བྱས་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན།

ལས་འགུལ་འདི་སྤེལ་བའི་དགོས་པ་དང་རྒྱུ་མཚན་གྱི་ཐད་ལ། ཁོང་གིས་“ད་ལྟའི་ཆར་ལ་རྒྱ་ནག་གཞུང་ལ་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་སྒང་ནས་རྒོལ་བ་བྱེད་པའི་སྐབས་ཤིག་བསླེབས་ཡོད་དུས། ད་ཐེངས་ང་ཚོས་ལས་འགུལ་སྤེལ་དགོས་པ་དེ་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་བསམས་ནས། སོ་སོ་ནས་ད་ལྟའི་གོ་སྐབས་འདི་དང་སྟབས་བསྟུན་ནས་ལས་འགུལ་སྤེལ་གྱི་ཡོད་”ཅེས་བརྗོད་རྗེས། ས་ཁུལ་དེར་བདུན་ཕྲག་གསུམ་ལ་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་ཐོབ་ཟིན་པ་དང་། གལ་སྲིད་ས་ཆའི་ཆོག་མཆན་མ་རག་པ་ལྟ་བུའི་དཀའ་ངལ་མ་འཕྲད་པ་ཡིན་ན། འབྱུང་འགྱུར་ཟླ་ངོ་དྲུག་གི་རིང་ལ་རེས་གཟའ་པ་སངས་ནམ་ཡིན་ལ་ཆུ་ཚོད་གཉིས་རིང་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསུངས་འདུག

བསྟན་པ་དར་རྒྱས་ནི་བཙན་བྱོལ་སྤྱི་ཚོགས་ནང་རྒྱུན་དུ་བོད་མི་རིགས་དང་། རྒྱལ་ཁབ་ཀྱི་ཆེད་དུ་རྒྱ་ནག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་གྱི་རང་བཙན་འཐབ་རྩོད་པ་ཞིག་ཡིན་པ་དང་། ཁོང་གིས་ལོ་ལྟར་བོད་ཀྱི་ལོ་གསར་དང་དུས་ཆེན་ཁག་ལ་མི་རོལ་བར་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད། བོད་ལ་རང་དབང་གི་ཉི་མ་མ་ཤར་བར་དུ་བོད་ཀྱི་རྒྱལ་དར་དང་། “བོད་སྐྱོབས་རོགས་”ཞེས་པའི་འབོད་ཚིག་ཅན་གྱི་ཐོད་དཀྲིས་ནག་པོ་མི་འབུད་པའི་དམ་བཅའ་བཞག་ཡོད། 

གསར་འགོད་པ་དཀོན་མཆོག་རབ་བརྟན།