པེ་ར་གྷུ་ཨའི་མི་མང་གིས་གྲོས་ཚོགས་ལ་མེ་སྤར་ནས་ངོ་རྒོལ་བྱས་པ།

མི་གཅིག་ལ་སྲིད་འཛིན་སྐབས་གཅིག་ལས་བྱ་རྒྱུའི་གོ་སྐབས་མེད་པའི་ཁྲིམས་བསྐྱར་བཅོས་ཡོང་ཐབས་བྱས་པར་མང་ཚོགས་ཀྱིས་གྲོས་ཚོགས་ལ་མེ་སྤར་ནས་ངོ་རྒོལ་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡ རེས་གཟའ་སྤེན་པའི་ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་རེས་གཟའ་པ་སངས་ཀྱི་དགོང་མོར་ལྷོ་ཨ་མི་རི་ཁའི་པེ་ར་གྷུ་ཨ་(Paraguay)རྒྱལ་ཁབ་ཀྱི་རྒྱལ་ས་ཨེ་སོན་ཐི་ཡོན་ནང་། མང་ཚོགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་དང་ངོ་རྒོལ་བྱས་ནས་རྒྱལ་ཁབ་དེའི་གྲོས་ཚོགས་ལ་མེ་སྤར་ཡོད་པ་མ་ཟད། གྲོས་ཚོགས་ཀྱི་སྒེའུ་ཁུང་དང་མཐའ་འཁོར་གྱི་ར་བ་བཅས་གཏོར་ཡོད་འདུག

མང་ཚོགས་ཀྱིས་ངོ་རྒོལ་བྱེད་དགོས་དོན་ནི། དེ་སྔོན་ཕྱི་ལོ་༡༩༩༢ ལོར་བཟོས་པའི་རྩ་ཁྲིམས་ནང་གང་ཟག་གཅིག་གིས་སྲིད་འཛིན་གྱི་དུས་ཡུན་ལོ་ལྔ་ལས་མང་བ་བཟུང་ཆོག་གི་མེད་པ་གསལ་ཡོད་རུང་། ད་ལྟའི་སྲིད་འཛིན་ལས་ཐོག་པ་ཧོ་རཀ་ཤོ་ཀར་ཏི་སེ་ཡིས་ཁོ་རང་སྲིད་འཛིན་བསྐྱར་འདེམས་ཡོང་ཆེད་ཁྲིམས་ལུགས་ཀྱི་བཀག་འགོག་དེ་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་པས་ཡིན་འདུག

མང་ཚོགས་ཚོས་གྲོས་ཚོགས་ལ་མེ་སྤར་བ་དང་གཏོར་བཤིག་གཏོང་བའི་བྱ་སྤྱོད་སྤེལ་སྐབས་ཉེན་རྟོག་པས་མང་ཚོགས་ཁ་འཐོར་ཡོང་ཆེད་རྟ་དམག་བེད་སྤྱོད་བྱས་ཡོད་པ་དང་། མེ་མདའི་ནང་འགྱིག་མདའ་ལྡུག་ནས་བརྒྱབས་པ། དེ་བཞིན་ཆུ་གཏོར་བ་སོགས་བྱས་ཡོད་འདུག ས་གནས་ཀྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན་ཟིང་འཁྲུག་ནང་མང་ཚོགས་དང་། ཆབ་སྲིད་པ། ཉེན་རྟོག་པ་བཅས་མི་བཅུ་ཕྲག་མང་པོར་རྨས་སྐྱོན་ཤོར་ཡོད་ཚུལ་འདུག

སྲིད་འཛིན་ཧོ་རཀ་ཤོ་ཀར་ཏི་སེས་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ཐོག་ཟིང་འཁྲུག་ཞི་འཇམ་ཡོང་བའི་འབོད་སྐུལ་ཞིག་ཞུས་ཡོད་པའི་ནང་། མང་གཙོ་ནི་དྲག་སྤྱོད་ཀྱིས་དབང་སྒྱུར་དང་སྲུང་སྐྱོབ་བྱས་པ་ཞིག་མིན་པ་དང་། སྲིད་གཞུང་གིས་མུ་མཐུད་ནས་ལྷིང་འཇགས་རྒྱུན་སྐྱོང་བྱེད་ཐབས་སུ་འབད་བརྩོན་གང་ཡོང་ཅི་ཡོང་བྱེད་ཀྱི་ཡིན་པས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་དགོས་ཀྱི་མེད་སྐོར་བཅས་བཤད་ཡོད་འདུག

གྲོས་ཚོགས་གོང་མའི་ནང་རྩ་ཁྲིམས་བསྐྱར་བཅོས་དེར་མང་མོས་ཐོབ་ཡོད་འདུག་པ་དང་། མང་མོས་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་༢༥ ནང་ཁུལ་ཚོགས་འདུ་ཞིག་འཚོགས་རྗེས། མི་མང་རྣམས་སྲང་ལམ་དུ་འཛོམས་ནས་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག ད་ལྟའི་ཆར་ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ནང་མང་མོས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་འདུག གྲོས་ཚོགས་འོག་མའི་ནང་འཐུས་མི་མང་ཆེ་བ་ནི་སྲིད་འཛིན་གྱི་ཆབ་སྲིད་ཚོགས་པའི་ཚོགས་མི་ཡིན་འདུག

ཕྱོགས་འགལ་ཚོགས་པས་ཁྲིམས་འཆར་དེས་རྒྱལ་ཁབ་ཀྱི་མང་གཙོའི་ལམ་ལུགས་སྐྱོ་རུ་གཏོང་ངེས་པ་ཡིན་སྐོར་བརྗོད་བཞིན་ཡོད་པ་མ་ཟད། ཕྱོགས་འགལ་གྱི་གྲོས་ཚོགས་གོང་མའི་ཚོགས་མི་ཌེ་སི་རི་མ་སི་ཟེར་བ་ཞིག་གིས་“སྲིད་དབང་བཙན་བཟུང་བྱས་སོང་། ང་ཚོས་དེར་ངོ་རྒོལ་བྱེད་ཀྱི་ཡིན། མང་ཚོགས་ཀྱང་ང་ཚོའི་མཉམ་དུ་ངོ་རྒོལ་བྱེད་དུ་འབོད་ཀྱི་ཡོད་”ཅེས་བརྗོད་ཡོད་འདུག

པེ་ར་གྷུ་ཨ་ནི་ཕྱི་ལོ་༡༩༥༤ ནས་༡༩༨༩ བར་དམག་གིས་སྲིད་དབང་སྒེར་འཛིན་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱི་ལོ་༡༩༩༢ ནས་བཟུང་མང་གཙོའི་ལམ་ལུགས་ཆགས་ཡོད་པ་རེད། ད་ལྟའི་སྲིད་འཛིན་ཧོ་རཀ་ཤོ་ཀར་ཏི་སེ་ནི་ཕྱི་ལོ་༢༠༡༣ ལོར་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོར་ཁོའི་དུས་ཡུན་རྫོགས་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།