པེ་རི་སིར་བོད་ཀྱི་དུས་སྟོན་ཐེངས་ཉེར་བཞི་པ་མཇུག་སྒྲིལ་འདུག

པེ་རི་སིར་བོད་ཀྱི་དུས་སྟོན་ཐེངས་ཉེར་བཞི་པའི་ཐོག་སྙན་ངག་གྱེར་འདོན་དང་། ནུས་པ་དང་སྐད་ཡིག ངོ་བོ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཚོགས་པ་དང་། གཞས་སྣ་འཁྲབ་སྟོན། བོད་ཀྱི་རིག་གཞུང་དང་ཁ་ཟས་གོམས་སྲོལ་དང་འབྲེལ་བའི་འགྲེམས་སྟོན་སོགས་གནང་ནས་དུས་སྟོན་མཇལ་སྒྲིལ་འདུག

པར། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཚེས་༢༠ ནས་༢༢ བར་ཉིན་གྲངས་གསུམ་གྱི་རིང་། ཧྥ་རན་སིའི་རྒྱལ་ས་པེ་རི་སིར་བོད་ཀྱི་དུས་སྟོན་ཐེངས་ཉེར་བཞི་པ་དེ་ཚོགས་ཡོད་འདུག དུས་སྟོན་དེ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། དུས་སྟོན་གྱི་ཉིན་དང་པོར། སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་གྱིས་དུས་སྟོན་འདི་བརྒྱུད་ང་ཚོས་རིག་གཞུང་སྲུང་བརྩི་ཞུ་རྒྱུ་ཙམ་མ་ཡིན་པར། ༧གོང་ས་མཆོག་གི་འཚེ་མེད་ཞི་བ་དང་། བཟོད་སྒོམ། ཞི་བའི་གྲོས་མོལ། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་དགོངས་བཞེས་ལ་གུས་བརྩི་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

དུས་སྟོན་དེའི་ཐོག་སྙན་ངག་གྱེར་འདོན་དང་། སྲོལ་རྒྱུན་གྱི་སྒྲུང་གཏམ། ཤེས་ཡོན་གླེང་སྟེགས། ཡིག་གཟུགས་སྦྱོང་བརྡར་བཅས་དང་། བོད་རིགས་ཚོགས་པ་དང་། གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་ནས་བོད་མདོ་དབུས་ཁམས་གསུམ་གྱི་གཞས་དང་ཞབས་བྲོ། ལྷ་མོ་བཅས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ། བོད་ཀྱི་རིག་གཞུང་དང་ཁ་ཟས་གོམས་སྲོལ་དང་འབྲེལ་བའི་འགྲེམས་སྟོན། དགེ་འདུན་པ་འགའ་ནས་མི་རྟག་པ་མཚོན་པའི་རྡུལ་མཚོན་དཀྱིལ་འཁོར་བཞེངས་གྲུབ་བཅས་གནང་ཡོད་འདུག

 སློབ་དཔོན་ནོ་ཀོ་ལ་སི་༼Nicolas༽ ཡི་གཙོ་སྐྱོང་འོག ནུས་པ་དང་སྐད་ཡིག ངོ་བོ་༼Power,Language and Identity: Challenges and resilience of Tibetans in the age of artificial intelligence༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་འདུག

དུས་སྟོན་དེ་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་དང་། ཧྥ་རན་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་། བོད་རིགས་འབྲེལ་མཐུད་པ་དོན་གྲུབ་རྒྱལ་པོ། རྩིས་པ་བསྟན་འཛིན་ནོར་ལྡན། ཡུ་རོབ་བོད་དོན་འབྲེལ་མཐུད་པ་བསྟན་འཛིན་ཕུན་ཚོགས་བཅས་ཀྱིས་སྟངས་འཛིན་གནང་ཡོད་འདུག ཐེངས་འདིའི་དུས་སྟོན་ཐོག་མི་གྲངས་༥༠༠༠ ཙམ་བཅར་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།