པོ་ལན་ཌེ་ཡིས་དམག་དོན་ཐོག་འགྲོ་གྲོན་ཕོན་ཆེན་གཏོང་བཞིན་འདུག

ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུ་གནས་ཚུལ་ཐོན་གསལ་ལྟར་ན། པོ་ལན་ཌེ་ཡིས་ཨ་རི་དང་ལྷོ་ཀོ་རི་ཡ་བཅས་ནས་མཚོན་ཆ་མང་པོ་ཉོ་བཞིན་པ་དང་། པོ་ལན་ཌེ་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་གིས་དམག་དོན་དང་རྒྱལ་སྲུང་གི་ཐོག་ལ་འགྲོ་གྲོན་ཕོན་གཏོང་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་པོ་ལན་ཌེ་ཡིས་ཕྱི་ལོ་༢༠༢༢ ལོར་རྒྱལ་སྲུང་དང་དམག་དོན་གྱི་ཆེད་དུ་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་(GDP) ཀྱི་བརྒྱ་ཆ་༢.༤% ཡི་འགྲོ་གྲོན་བཏང་ཡོད་པ་དང་། རྒྱལ་ཁབ་༣༠ ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཚོགས་མའི་རྒྱལ་ཁབ་ཁྲོད་དུ་དམག་དོན་ཐོག་འགྲོ་སོང་ཆེ་ཤོས་གཏོང་མཁན་ཨང་གསུམ་པ་དེ་གྱུར་ཡོད་ན་ཡང་། ཟླ་༡ ཚེས་༣༠ ཉིན་པོ་ལན་ཌེའི་སྲིད་བློན་(Mateusz Morawieck) གྱིས་ལོ་འདིའི་ནང་པོ་ལན་ཌེ་ཡིས་དམག་དོན་དང་རྒྱལ་སྲུང་གི་དོན་དུ་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་༤% གཏོང་རྒྱུ་ཡིན་རབས་བརྗོད་ཡོད་འདུག  གལ་སྲིད་པོ་ལན་ཌེ་ཡིས་རྒྱལ་སྲུང་གི་དོན་དུ་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་༤% བཏང་ན་བྱང་ཆིངས་རྩ་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཁྲོད་རྒྱལ་སྲུང་གི་དོན་དུ་འགྲོ་སོང་གཏོང་མཁན་མང་ཤོས་དང་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་འདུག

པོ་ལན་ཌེ་ཡིས་ཕྱི་ལོ་༢༠༢༣ ནས་ཕྱི་ལོ་༢༠༣༥ བར་དམག་དོན་གྱི་ཆེད་དུ་ཨ་སྒོར་ཐེ་འབུམ་$༡༠༠ གཏོང་རྒྱུའི་འཆར་གཞི་བཏིང་ཡོད་པ་མ་ཟད། ཨ་སྒོར་ཐེ་འབུམ་$༡༠ ཡིས་ཨ་རི་དང་ལྷོ་ཀོ་རི་ཡ་ནས་ཁྲབ་ལྡན་འཐབ་འཁོར་དང་ཧོ་ཝི་ཛར་(Howitzer) ཞེས་པའི་མེ་སྒྱོགས་ཀྱི་རིགས་དང་། མེ་ཤུགས་འཕུར་མདའི་མ་ལག་བཅས་མངགས་ཉོ་བྱས་ཡོད་འདུག་ལ། ལོ་སྔོན་མ་པོ་ལན་ཌེ་ཡིས་ཨ་རིའི་རྩ་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཁྲབ་ལྡན་འཐབ་འཁོར་ཨེ་བྷོ་རམ་(Abrams Tanks) ཞེས་པ་དེ་ཁྱོན་བསྡོམས་༢༥༠ མངགས་ཉོ་བྱས་ཡོད་པ་མ་ཟད། ལོ་འདིའི་ཟླ་༡ པོའི་ནང་པོ་ལན་ཌེ་ཡིས་ཨ་རི་ལ་ཨ་སྒོར་ཐེ་འབུམ་༡.༤ སྤྲད་ནས་ཁྲབ་ལྡན་འཐབ་འཁོར་༡༡༦ ཞིག་སླར་ཡང་མངགས་ཉོ་བྱས་ཡོད་འདུག ཁྲབ་ལྡན་འཐབ་འཁོར་དེ་དག་ནི་ཕྱི་ལོ་༢༠༢༤ དང་ལོ་འདིའི་ལོ་མཇུག་ཏུ་འབྱོར་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

དེ་བཞིན་ཧྥ་རན་སིའི་འདས་པའི་ལོ་ངོ་བདུན་རིང་དམག་དོན་གྱི་ཆེད་དུ་སྔོན་རྩིས་ནི་ཡུ་སྒོར་༢༩༥ ཡིན་ཡང་། ལོ་འདིའི་ཟླ་༡ ཚེས་༢༠ ཉིན་ཧྤ་རན་སི་སྲིད་འཛིན་གྱིས་ཕྱི་ལོ་༢༠༢༤ ནས་ཕྱི་ལོ་༢༠༣༠ བར་མ་འོངས་ལོ་བདུན་གྱི་རྒྱལ་སྲུང་དང་དམག་དོན་ཆེད་ཡུ་སྒོར་ཐེ་འབུམ་༤༡༣ ཡི་འགྲོ་གྲོན་གཏོང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པས་དམག་དང་རྒྱལ་སྲུང་གི་ཐོག་ལ་འགྲོ་གྲོན་གཏོང་ཕྱོགས་ཆེ་རུ་ཕྱིན་ཡོད་འདུག

དེ་བཞིན་སི་ཝེ་ཌན་དང་ཧྥིན་ལན་ཌི་བཅས་ཀྱི་དམག་དོན་ཐོག་ལ་འགྲོ་སོང་གཏོང་ཕྱོགས་ཧ་ཅང་ཆེན་མོ་འཕར་ཡོད་འདུག་ལ། ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་པ་དང་། འཇར་མན་ནི་ཡིས་དམག་དོན་ཐོག་ཏུ་ཡུ་སྒོར་ཐེ་འབུམ་༡༠༠ ཁ་སྣོན་བྱེད་རྒྱུ་ཁས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply