པོད་༢༢༣ ཡོད་པའི་སྨོན་ལམ་ཚིག་མཛོད་གསར་པ་དབུ་འབྱེད།

ཟླ་འདིའི་ཚེས་༢༧ ཉིན་༧གོང་ས་མཆོག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་༢༢༣ གྱི་བདག་ཉིད་ཅན་གྱི་དཔེ་དེབ་དང་དྲ་རྒྱའི་ཚིག་མཛོད་དབུ་འབྱེད་གནང་སོང་ལ། སྨོན་ལམ་ཚིག་མཛོད་ཆེན་མོ་དེ་པོད་༢༢༣ ཡོད་པ་དང་།  ཤོག་ངོས་༡,༣༣,༨༧༠ དང་། ཚེག་པར་༦༤,༦༦༣,༡༢༡ གིས་གྲུབ་ཡོད་པ་རེད།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་དུ་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་གཙོས་པའི་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ། ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་དང་ཞེ་གསུམ་པ། རྒྱལ་བའི་ཡོངས་འཛིན་མཆོག་སྤྲུལ་༧གླིང་རིན་པོ་ཆེ་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། ༧དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། ཚོགས་གཙོ་བསོད་ནམས་བསྟན་འཕེལ་སོགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཞུང་འབྲེལ་མ་ཡིན་ཚོགས་པའི་སྐུ་ཚབ་སོགས་ཕེབས་འདུག

ཐེངས་འདིའི་མཛད་སྒོའི་ཐོག་ཏུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་གྱིས་གསུང་བཤད་གནང་སྐབས། ཞིབ་འཇུག་ཁང་དེ་ཕྱི་ལོ་༢༠༡༢ ལོའི་ཟླ་༤ ཚེས་༢༠ ཉིན་གསར་དུ་བཙུགས་ནས་ད་བར་མི་ལོ་ཧྲིལ་པོ་༡༠ འཁོར་ཡོད་པ་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དམིགས་ཡུལ་ནི། བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་ཆོས་དང་རིག་གཞུང་དེང་དུས་ཀྱི་བརྡ་འཕྲིན་འཕྲུལ་ལས་ནང་དུས་མཐུན་ཚད་ལྡན་ཞིག་ཡོང་ཐབས་བྱ་རྒྱུ་དེ་ཡིན་པས། ལོ་ངོ་འདི་དག་ནང་བོད་ཀྱི་ཆོས་རིག་ལ་སྨན་པའི་སྨོན་ལམ་བོད་ཡིག་གིས་མཚོན་གློག་རྡུལ་མཉེན་ཆས་ཁག་༣༧ བཟོ་སྐུན་ཞུས་ཡོད་པའི་སྐོར་དང་། དེ་བཞིན་འདས་པའི་ལོ་ངོ་དགུ་ལྷག་རིང་རྩོམ་སྒྲིག་པ་༢༠༠ ལྷག་གིས་མཉམ་འབྲེལ་གྱིས་དཀའ་ལས་བརྒྱབ་པའི་འབྲས་བུར་ཚིག་མཛོད་ཆེན་མོ་འདི་ལེགས་གྲུབ་བྱུང་བ་དང་། ད་ལྟའི་ཆར་སྨོན་ལམ་ཚིག་མཛོད་ཆེན་མོར་པོད་༢༢༣ ཡོད་པ་དང་། ཤོག་ངོས་༡,༣༣,༨༧༠ དང་། ཚེག་པར་༦༤,༦༦༣,༡༢༡ ཡོད་པས། འདི་ནི་དེང་དུས་འཛམ་གླིང་ནང་གི་དེབ་ཕྲེང་མང་ཤོས་ཀྱི་ཚིག་མཛོད་ཆེ་ཤོས་ཤིག་ཡིན་སྐོར་ངོ་སྤྲོད་གནང་སོང་།

ཐེངས་འདི་མཛད་སྒོའི་ཐོག་ཏུ་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། བོད་ནི་རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཡོད་པ་དང་། སོ་སོས་བོད་ཡིག་བཟོས་ནས་རང་མགོ་ཐོན་པ་ཞིག་ཆགས་ཡོད་པ་དང་། མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་དུས། ཁྱེད་རང་ཚོར་བོད་ཡིག་ཡོད་པ་དང་བསྒྱུར་རྒྱུ་མ་གཏོངས་ཡི་གེ་གསར་པ་བཟོ་དགོས་ཀྱི་མི་འདུག་ཅེས་བརྗོད་ཡོད་པས་དུས་དེ་ནས་ད་བར་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཞིག་བོད་ཡིག་ནང་དུ་བསྒྱུར་ཡོད་པས། ད་ལྟའི་ཆར་རྒྱ་གར་མཁས་པའི་གཞུང་ཕལ་ཆེ་བ་བོད་ཡིག་ཐོག་ཏུ་ཡོད་པའི་སྐོར་དང་། དེ་བཞིན་བོད་ཀྱི་ཤེས་ཡོན་གྱི་སྡེ་ཚན་གྱི་ནང་ལ་སེམས་ཁམས་རིག་པའི་སྐོར་གྱི་ཤེས་ཡོན་དེ་ང་ཚོ་བོད་པ་ཡག་ཤོས་དེ་ཆགས་ཡོད་པ་རེད། འཛམ་གླིང་ཞི་བདེ་ཟེར་བ་དེ་ཁ་ཙམ་ཚིག་ཙམ་མ་ཡིན་པར་བསམ་བློ་ཞིག་བཏང་བ་ཡིན་ན་ང་ཚོའི་བོད་པའི་རིག་གཞུང་དེ་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད་པ་དང་།

རྒྱ་ནག་གུང་ཁྲན་གྱིས་བོད་དེ་རྗེས་ལུས་དང་བོད་ཀྱི་ཆོས་དང་རིག་གཞུང་དེ་དུག་རེད་ཟེར་ནས་ལོག་བཤད་དང་འཁྲུལ་ནས་སྡོད་བཞིན་ཡོད་པས། དཔེ་ཆ་གང་མང་མང་རྒྱ་ཡིག་ཐོག་ཏུ་བསྒྱུར་ནས་ཐེ་ཝན་སོགས་སུ་གཏོང་རྒྱུ་གལ་ཆེན་ཡིན་པ་དང་དེ་རིང་གི་ཚིག་མཛོད་ལྟ་བུ་ཡིན་ན་ཡང་རྒྱ་ཡིག་ཐོག་ཏུ་བསྒྱུར་དགོས་རྒྱུ་གལ་ཆེན་ཡིན་པའི་ལམ་སྟོན་བཀའ་སློབ་གནང་སོང་།

གཞན་ཡང་དེ་རིང་གི་ལས་རམ་ཐོག་གཏམ་བཤད་གནང་མཁན་བཀའ་ཟུར་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་སྐབས། དེ་རིང་གི་ལས་དོན་དེ་ནི་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ལས་དོན་ཞིག་ཡིན་པ་དང་ད་ལྟའི་ཆར་སའི་གོ་ལ་འདིའི་སྟེང་དུ་སྐད་ཡིག་༧༠༠༠ ལྷག་གསོན་གནས་ཡོད་པ་དང་། དེའི་ཁྲོད་ནས་ནང་པའི་ཆོས་དང་ནང་དོན་རིག་པའི་གཞུང་ལུགས་ཀྱི་རང་རྩོམ་དང་སྒྲ་བསྒྱུར་གཉིས་ཀའི་ཐོག་ནས་གྲངས་འབོར་དང་སྤུས་ཀ་གཉིས་ཀའི་ཐོག་ནས་བོད་སྐད་ནང་དུ་ཡོད་པ་དེ་རྩེ་ཕུད་དེ་ཡིན་པའི་སྐོར་གསུངས་སོང་།

ས་སྐྱ་༧གོང་མ་ཁྲི་འཛིན་ཞེ་གསུམ་པས། ལས་གཞི་འདིའི་རང་བཞིན་དང་དམིགས་ཡུལ་སོགས་ཧ་ཅང་གལ་ཆེན་དུ་མཐོང་ནས་འདས་པའི་ལོ་དགུའི་རིང་ས་སྐྱ་པ་མི་གྲངས་༣༡ གྱིས་རྩོམ་སྒྲིག་གི་སྡེ་ཚན་ནང་དུ་ལས་དོན་གནང་ཡོད་པ་དང་ལས་གཞིའི་ཐོག་དཔལ་ས་སྐྱ་པའི་སྨོན་ལམ་ཐེབས་རྩ་ནས་ཧོན་སྒོར་འབུམ་༨༣ ཙམ་གྱི་འགྲོ་སོང་བཏང་ཡོད་པ་སོགས་ཀྱི་གསུངས་བཤད་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོས་༧གོང་ས་མཆོག་གི་ལམ་སྟོན་ལྟར་བོད་གཞུང་དགའ་ལྡན་ཕོ་བྲང་གི་མཐུན་སྦྱོར་འོག་སྐུ་ཞབས་སྨོན་ལམ་མཆོག་གིས་གཙོ་བོ་འགན་བཞེས་ཐོག་འབྲེལ་ཡོད་མང་པོས་ཕྱག་མཉམ་འདེབས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་༢༢༣ ཅན་འདི་བཞིན་ད་ཆ་འཛམ་གླིང་གི་ཚིག་མཛོད་མང་ཤོས་ཀྱི་ཟིན་ཐོ་གསར་པ་ཞིག་བཞག་ཅིང་མངོན་སུམ་མིག་ལམ་གྱུར་ཐུབ་པ་ནི་བོད་ཀྱི་སྐད་ཡིག་གི་རིན་ཆེན་མང་མཛོད་ཅིག་ཏུ་གྱུར་ཡོད་པས་མངོན་པར་བསྟོད་དོ་ཞེས་གསུང་བཤད་གནང་སོང་།

ལས་རིམ་གྱི་མཐའ་མ་དེར་སྐུ་མགྲོན་ལྷན་རྒྱས་སྐུ་པར་མཉམ་སྒྲོན་གྱིས་མཛད་སྒོ་གྲོལ་སོང་།།

གསར་འགོད་པ་བློ་བཟང་རྒྱ་མཚོ།