ཕུ་ཕར་ལ་བརྒྱབ་ནས་སྨ་ར་ཚུར་ལ་ཚིག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༨༡ ཕྱི་ལོ་ ༢༠༡༦/༢/༡༠
ལོ་འདིའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་སྔོན་འགྲོའི་ལས་རིམ་གྲུབ་ནས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱས་ཡོད་པ་དང། སྲིད་སྐྱོང་གི་འོས་གཞི་སྲིད་སྐྱོང་ལས་ཐོག་འབུམ་རམས་པ་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་བཀྲམ་ཡོད་པ་རེད། ལོ་འདིའི་འོས་བསྡུ་ཆེན་མོ་ནི་འགྲན་རྩོད་ཆེན་པོ་དང། ཕྱོགས་འཐེན་ཆེན་པོ། འཁྲུག་ཆ་དོད་པོ་ཞིག་ཏུ་གྱུར་ཡོད་ཅིང། མི་མང་པོས་མཚན་རྟགས་བརྒྱབ་ནས་འོས་བསྡུའི་འགན་འཛིན་རྣམ་པས་ཐག་གཅོད་བྱེད་སྟངས་མ་འགྲིག་པའི་སྙན་ཞུ་ཕུལ་བ་དང། ཕྱི་ཕྱོགས་ནས་ཀྱང་བཙན་བྱོལ་བོད་པའི་འོས་བསྡུའི་ལས་རིམ་དྲང་བདེན་བྱུང་མིན་ལ་དོགས་པ་མངོན་གསལ་གྱིས་བྱེད་པ་འདི་ལྟ་བུ་མི་ལོ་ལྔ་བཅུ་ལྷག་གི་ནང་ནས་ཕལ་ཆེར་ཐོག་མ་ལྟ་བུའི་འོས་བསྡུ་ཆེན་མོ་ཞིག་ཏུ་གྱུར་ཡོད། ལོ་འདིའི་འོས་བསྡུ་ཆེན་མོ་འདིས་ཆེ་ས་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སྲིད་བྱུས་དང། ཆུང་ས་ནས་དེ་དང་འབྲེལ་བའི་འགྲེལ་བརྗོད་བྱེད་ཕྱོགས་བཅས་ལའང་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད།

དབུས་འོས་བསྡུ་ལས་ཁང་ནས་ལོ་འདིར་སྲིད་སྐྱོང་གི་འོས་གཞིར་མི་གཉིས་ཁོ་ན་ལས་མ་བཏང་བ་འདི་ལ་བརྟེན་ནས་ཤུགས་རྐྱེན་ཆེན་པོ་གཉིས་ནི། ཕྱོགས་གཅིག་ནས་སྲིད་སྐྱོང་གི་འོས་མི་ཀླུ་མཁར་བྱམས་དངོས་གཞིའི་འོས་འགྲན་ནང་བཏང་བའི་དབང་དུ་བཏང་ན། སྲིད་སྐྱོང་དང་ཚོགས་གཙོའི་དབར་གྱི་དོན་མེད་རྩོད་པ་དེ་ཉུང་དུ་འགྲོ་བ་དང། འོས་གཞི་ཕན་ཚུན་གྱི་རྩོད་གླེང་དེ་ཡང་བོད་ཀྱི་རྩ་དོན་རྩོད་ཕྱོགས་ཀྱི་ཕུགས་རྒྱང་རིང་པོའི་རྩོད་པ་ཞིག་ལས། ཆོལ་ཁ་དང་ལུང་ཚན་བྱེ་བྲག་པའི་རྩོད་པ་ཞིག་ཏུ་མི་འགྱུར་བ་དང། སྐབས་རེ་དད་པ་དམ་ཚིག་སོགས་ཀྱི་སྐོར་སྲིད་དོན་དང་མ་འབྲེལ་བའི་སྐད་ཆ་ཁ་ཤས་ཀྱིས་སྤྱི་ཚོགས་འདྲོགས་མགོ་སློང་པ་ལྟ་བུ་རེ་ཡོང་སྲིད་ཀྱང། རྩ་དོན་སྒྲུབ་ཕྱོགས་ཀྱི་རྩོད་པ་ནི་སྤྱི་ཚོགས་རྦད་དེ་ཁ་འཐོར་དུ་འགྲོ་བའི་རྩོད་པ་ཞིག་ཏུ་འགྱུར་མི་སྲིད་པ་ལྟ་བུ་རེད་ཅེས་བརྗོད་ཆོག། ད་ལྟའི་ཆར་སྲིད་སྐྱོང་འོས་མི་གཉིས་ཀྱི་རྒྱབ་སྐྱོར་བ་ཚོས་མངོན་གསལ་དང་མངོན་གསལ་མེད་པའི་ཐོག་ནས། ཆོལ་ཁ་དང་ལུང་ཚན་ཁོ་ན་རྒྱུ་མཚན་དུ་བྱས་ནས་ཕན་ཚུན་གླེང་ཕྱོགས་ཆེད་བཟོ་བྱས་ནས་བསྙོན་འཛུགས་བྱེད་འགོ་ཚུགས་ཡོད།

བྱེད་སྟངས་འདི་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁ་འཐོར་དུ་འགྲོ་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་ངེས་པ་དང། དེ་ལ་བརྟེན་ནས་བོད་ནང་དུ་མིག་ལྟོས་དང་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད། སྲིད་སྐྱོང་གི་འོས་གཞི་གཉིས་དབར་རྩ་དོན་སྒྲུབ་ཕྱོགས་ཀྱི་ཐོག་ནས་ལྟ་སྟངས་མི་འདྲ་བ་མེད་ལ། ཕྱོགས་གང་ཐད་ནས་མི་མང་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ལངས་ཕྱོགས་དང་གླེང་གཞི་དམིགས་བསལ་བ་གང་ཡང་མེད་སྟབས། ཆོལ་ཁའི་ཆབ་སྲིད་ཙམ་རྒྱབ་ལྗོངས་སུ་བྱས་ནས་འོས་གཞི་བཀྲམ་པར་འགྲན་རྩོད་དང། གླེང་ཕྱོགས་བཟོ་བར་ཧུར་བརྩོན་ཁོ་ན་ལས། རྩ་དོན་དང་གཅིག་སྒྲིལ་ཟེར་བ་དེ་ནམ་མཁའི་འཇའ་ཚོན་ལྟ་བུ་ལག་པས་ཟིན་རྒྱུ་མེད་པ་ཞིག་ཏུ་གྱུར་ཡོད། མ་འོངས་པར་ཡང་ལམ་ཁ་འདི་ལས་གཞན་པ་ཞིག་ཏུ་བསྐྱོད་རྒྱུར་རེ་བ་ཆེན་པོ་མེད་ལ། གནད་དོན་འདིའི་འབྱུང་རྐྱེན་གཙོ་བོ་གཅིག་ནི་དབུས་འོས་བསྡུའི་འགན་འཛིན་རྣམ་པས་ཐག་གཅོད་བྱེད་ཕྱོགས་ལ་བརྟེན་ནས་བྱུང་ཡོད་པ་རེད།

སྐབས་སྔོན་མ་བཀའ་ཁྲིའི་འོས་བསྡུའི་སྐབས་འོས་གཞི་ཨང་གསུམ་པ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལ་སྔོན་འགྲོའི་འོས་གྲངས་༢༡༠༡ ལས་མེད་ཀྱང་དངོས་གཞིའི་ནང་བཏང་བ་དང། ད་ལན་ཀླུ་མཁར་བྱམས་ལ་སྔོན་འགྲོའི་འོས་གྲངས་༢༥༥༧ ཡོད་ཀྱང་དངོས་གཞིའི་འོས་འགྲན་ནང་བཏང་མེད། སྤྱིར་འོས་གཞི་མི་ག་ཚོད་གཏོང་མིན་འོས་བསྡུའི་ལས་ཁང་གི་འགན་དབང་ཡིན་པ་དང། ཁྲིམས་སྒྲིག་གི་དགོངས་དོན་ཐོག་ནས་འོས་བསྡུའི་འགན་འཛིན་རྣམ་པའི་ཐག་གཅོད་ལ་གླན་ཀ་བྱེད་ས་གང་ཡང་མེད། འོན་ཀྱང་བྱེད་སྟངས་ཀྱི་ཐོག་ནས་སྔོན་མ་དང་ད་ལྟའི་གནས་སྟངས་འདི་གཉིས་བསྡུར་ན་འདྲ་མཉམ་ཆགས་མེད་པ་གསལ་པོ་རེད། འོན་ཀྱང་ཀླུ་མཁར་བྱམས་དངོས་གཞིའི་འོས་འགྲན་ནང་བཏང་ཡོད་ན། འོས་ཤོག་སྔོན་འགྲོ་ལས་ཧ་ཅང་མང་དུ་འགྲོ་དཀའ་བ་དང། གཞན་གཉིས་ནས་སུ་སྲིད་སྐྱོང་དུ་སླེབས་ཀྱང་གཞུང་གི་སྲིད་བྱུས་ཀྱི་གཟི་བརྗིད་བགྲང་དུས་༧གོང་ས་མཆོག་གིས་དགོངས་གཞི་དང། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས། རང་བཙན་གྱི་ལངས་ཕྱོགས་བཟུང་ནས་སྲིད་སྐྱོང་གི་འོས་གཞིར་ལངས་མཁན་ལ་འོས་ཤོག་འདི་ཙམ་ལས་མེད་པས་རྒྱ་ཆེའི་མི་མང་གི་ལངས་ཕྱོགས་མཚོན་ཚུལ་བཅས་བཤད་ཆོག

འོན་ཀྱང་ཀླུ་མཁར་བྱམས་ལ་སྔོན་འགྲོའི་སྐབས་ནས་གནོན་ཤུགས་སྤྲད་པ་དང། འོས་གཞི་ཁྱབ་བསྒྲགས་མ་བྱས་སྔོན་བཀའ་ཤག་དང། སྤྱི་འཐུས་ལྷན་ཚོགས་གཉིས་ཀས་ཀླུ་མཁར་བྱམས་ཀྱི་སྐད་ཆ་ཁ་ཤས་སྔ་རྒོལ་དུ་དྲངས་ནས་གཞུང་འབྲེལ་མཛད་སྒོའི་ཐོག་རྒོལ་གཏམ་བཏང་བ་དང། ཡབ་གཞིས་སྐུ་འཁོར་ཁག་ཅིག་གིས་ཀྱང་ཆེད་དུ་རྒོལ་གཏམ་བཏང་བ་མ་ཟད། དབུས་འོས་བསྡུ་ལས་ཁང་ནས་ཀྱང་ཀླུ་མཁར་བྱམས་འོས་གཞིར་མ་བཞག་པས། ད་ལན་གཞུང་འབྲེལ་སྲིད་བྱུས་ཀྱི་གཟི་བརྗིད་དུ་བགྲང་འོས་པའི་གོ་སྐབས་དེ་ཆེད་དུ་བཀག་ཡོད། རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་མཁན་དག་གི་ངོས་ནས་བཤད་ན། ད་ལན་ཀླུ་མཁར་བྱམས་འོས་གཞིར་བཏང་བ་ལས་མ་བཏང་བར་ཆེད་དུ་བཀག་འགོག་བྱས་པ་གཟི་བརྗིད་ཆེ་བ་དང། འདྲ་མཉམ་ངང་བཏང་ནས་འོས་ཤོག་ཉུང་ངུ་ལས་མ་རག་ན་བོད་པའི་སྤྱི་ཚོགས་ནང་གོང་གསལ་གྱི་གནས་ཚུལ་ཁག་ལ་བརྟེན་ནས་དེ་བསམ་ཤེས་མི་ཐུབ་པ་ཞིག་མིན་ཡང། རྒྱལ་སྤྱིའི་ནང་དེ་ནས་བཟུང་བོད་རང་བཙན་གྱི་མགོ་འཕང་དམའ་རུ་ཕྱིན་པ་རེད། འོན་ཀྱང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཞིག་འོས་གཞི་ལས་བཀག་ནས་གཞུང་འབྲེལ་གྱི་སྲིད་བྱུས་ལ་ཕན་རྒྱུའི་ཚབ་ལ་གནོད་དུ་གྱུར་ཏེ་ཕུ་ཕར་ལ་བརྒྱབ་ནས་སྨ་ར་ཚུར་ལ་ཚིག་པའི་དཔེ་རུ་གྱུར་འདུག།།