ཕྱི་དྲིལ་བཀའ་བློན་ཇར་མ་ནིའི་མངའ་སྡེ་ཤི་ལེ་སི་ཝིག ཧོལ་ཤི་ཏེན་དུ་འཚམས་གཟིགས་གནང་།

འཚམས་གཟིགས་སྐབས། པར་དབང་། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཚེས་༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་༦ པའི་ཚེས་ ༢༤ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དང་དྲུང་ལས་མིག་དམར་བུ་ཁྲིད། དེ་བཞིན་ལྷོ་ཨེ་ཤེ་ཡའི་སྐུ་ཚབ་རྣམས་དང་ལྷན་དུ་ཇར་མ་ནིའི་མངའ་སྡེ་ཤི་ལེ་སི་ཝིག ཧོལ་ཤི་ཏེན་ (Schleswig-Holstein) དུ་གཞུང་འབྲེལ་འཚམས་གཟིགས་གནང་འདུག་པ་དང་། སྐབས་དེར་ཐོག་མར་ཐེ་ཨོ་དོར་སི་ཏེལ་ཙེར་ཀ་སེར་ནེ་ (Theodor-Steltzer-Kaserne)  དམག་སྒར་དུ་གཟིགས་ཞིབ་གནང་སྟེ། ཇར་མན་དམག་སྤྱི་མི་ཁེལ་སི་ཀ་མེལ་ (Michael Skamel) དང་། ཇར་མན་མཚོ་དམག་གི་འགོ་གཙོ་ཧྥ་རན་ཁི་ (Frank) རྣམ་གཉིས་ནས་དམག་དོན་དང་ཕྱི་དྲིལ་སྐོར་གསུང་བཤད་གནང་སྟེ། སྐུ་ཚབ་རྣམས་དང་ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང་ཡོད་འདུག

དེ་རྗེས་བཀའ་བློན་ནོར་འཛིན་སྒྲོལ་མས་ཤི་ལེ་སི་ཝིག་ཧོལ་ཤི་ཏེན་ (Schleswig-Holstein) མངའ་སྡེའི་གྲོས་ཚོགས་ལ་གཟིགས་སྐོར་གནང་ཞིང་། སྐབས་དེར་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་དང་ཇར་མན་རང་དབང་མང་གཙོ་ཚོགས་པའི་སྐུ་ཞབས་ཧེ་ནར་གཱརྒ་ (Heiner Garg) ཡིས་མངའ་སྡེའི་གྲོས་ཚོགས་ཀྱིས་ཇར་མན་སྲིད་གཞུང་གི་ལམ་ལུགས་ནང་གི་བྱེད་སྒོ་ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག་ལ།

དེ་བཞིན་ཤི་ལེ་སི་ཝིག་ཧོལ་ཤི་ཏེན་དུ་འཕྲོད་བསྟེན་དང་ངལ་རྩོལ་སྤྱི་ཚོགས་ལས་དོན་གྱི་བློན་ཆེན་ལས་ཡུན་ཐེངས་གཉིས་བཞེས་མྱོང་ཡོད་པ་སྐུ་ཞབས་གཱརྒ་ཡིས་ཇར་མན་སྲིད་གཞུང་གི་ལམ་ལུགས་སྐོར་གླེང་སློང་གནང་བ་དང་ཕན་ཚུན་གྲོས་བསྡུར་བཅས་གྲུབ་མཚམས། བཀའ་བློན་ནོར་འཛིན་སྒྲོལ་མ་དང་སྐུ་ཚབ་རྣམ་པ་ཀིལ་ (kiel) གྲོང་ཁྱེར་དུ་ཤི་ལེ་སི་ཝིག་ཧོལ་ཤི་ཏེན་ (Schleswig-Holstein) གྱི་ཚོང་ལས་དང་བཟོ་ལས་ཚོགས་པའི་ཚོགས་ཁང་དུ་ཕེབས་ཞུགས་ཀྱིས་གུང་ཚིགས་དང་ལྷན་ལས་དོན་ཚོགས་འདུ་ཞིག་འཚོགས་གནང་ཡོད་འདུག སྐུ་ཚབ་ཚོགས་ཆུང་རྣམས་ལ་ཚོང་ལས་དང་བཟོ་ལས་ཁང་གི་ལས་དོན་སྒྲིག་གཞི་དང་ས་གནས་ཀྱི་དཔལ་འབྱོར་ཡར་རྒྱས་གོང་འཕེལ་དང་བཟོ་ལས་མཉམ་འབྲེལ་ལ་རྒྱབ་སྐྱོར་གྱི་ནུས་པ་གལ་ཆེན་སྐོར་འགྲེལ་བརྗོད་གནང་ཡོད་འདུག

གོང་ཚེས་ཉིན་གྱི་ཕྱི་དྲོར་ Betriebshof der Torfbahn Himmelmoor དུ་གཟིགས་སྐོར་གནང་བ་དང་། སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་དང་། གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཤི་ལེ་སི་ཝིག་ཧོལ་ཤི་ཏེན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན།  ཇར་མན་རང་དབང་མང་གཙོ་ཚོགས་པའི་ཚོགས་མི་བཅས་ནས་བཀའ་བློན་གཙོས་པའི་སྐུ་ཚབ་ཚོགས་ཆུང་རྣམ་པར་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག་ལ། 

Betriebshof der Torfbahn Himmelmoor གྱི་གཙོ་སྐྱོང་བ་ཌན་ཛེཀ་ (Dan Zelck) ཡི་ལམ་སྟོན་འོག་སྐུ་ཚབ་ཚོགས་ཆུང་རྣམས་ལོ་རྒྱུས་རང་བཞིན་ལྡན་པའི་མེ་འཁོར་ལྕགས་ལམ་ཁག་ལ་གཟིགས་སྐོར་དུ་ཕེབས་པ་དང་། རིག་གཞུང་དང་ཕྱི་འབྲེལ་གྱི་འབྲེལ་བ་གསར་བསྐྲུན་ཆེད་ཇར་མན་རང་དབང་མང་གཙོ་ཚོགས་པའི་ཚོགས་མི་བཅས་ལྷན་འཛོམས་གནང་།

དེ་བཞིན་ཤི་ལེ་སི་ཝིག་ཧོལ་ཤི་ཏེན་ས་གནས་སུ་འཚམས་གཟིགས་དང་མི་སྣ་མཇལ་འཕྲད་ཀྱི་ལས་གཞི་འདི་ཇར་མན་རོགས་ཚོགས་ (Friedrich Naumann Foundation) ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག་པ་དང་། ཐེངས་འདིར་སྐུ་ཚབ་ཚོགས་ཆུང་གིས་ཤི་ལེ་སི་ཝིག་ཧོལ་ཤི་ཏེན་ས་གནས་སུ་འཚམས་གཟིགས་རིང་དགེ་ཚན་ལྡན་པའི་བསམ་ཚུལ་བརྗེ་ལེན་དང་གླེང་མོལ་གནང་ཐུབ་པ་བྱུང་ཡོད་ཅེས་འཁོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།