ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ཚོགས་འདུ་ཉི་ཧོང་དུ་བསྐོངས་གནང་འདུག།
ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ཚོགས་འདུ་དང་རྒྱལ་སྤྱིའི་ལམ་སྲོལ་དང་མཐུན་པའི་སྣེ་ཤན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཐོག་ཏུ། ཕྱི་དྲིལ་བཀའ་བློན་གྱིས་ཆབ་སྲིད་ཀྱི་ལས་དོན་བྱེད་སྐབས། གཙོ་བོ་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་ནག་གི་མི་མང་། དེ་བཞིན་བོད་མི་མང་ཚོགས་ལ་དམིགས་དགོས་པའི་གསུང་བཤད་གནང་འདུག

ཟླ་འདིའི་ཚེས་༦ ཉིན། ཉི་ཧོང་གི་རྒྱལ་ས་ཊོཀ་ཡོ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དབུ་བཞུགས་ཐོག་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ཚོགས་འདུ་ཞིག་བསྐོངས་ཡོད་འདུག་པ་དང་།
སྐབས་དེར་བཀའ་བློན་ནོར་འཛིན་སྒྲོལ་མས་སྐུ་ཚབ་དོན་གཅོད་རྣམས་ནི་གཞུང་ཚབ་གི་ངོ་བོའི་ཐོག་ཕྱག་ལས་གནང་བཞིན་ཡོད་པས། ལས་དོན་དེ་ཡང་རྒྱལ་འབྲེལ་ཐབས་བྱུས་བརྒྱུད་ཞུ་གཏུག་གནང་རྒྱུ་གལ་ཆེན་ཡིན་ཞེས་དང་། ཆབ་སྲིད་ཀྱི་ལས་དོན་བྱེད་སྐབས། དམིགས་ས་གཙོ་བོ་རྒྱལ་སྤྱིའི་སྤྱི་ཚོགས་དང་། རྒྱ་ནག་གི་མི་མང་། དེ་བཞིན་བོད་མི་མང་ཚོགས་གསུམ་ཡིན་སྟབས། རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་བ་གང་མང་བཟོས་ཏེ། རྒྱ་གཞུང་ལ་རྒྱལ་སྤྱིའི་གཞུང་གིས་གནོན་ཤུགས་སྤྲད་པ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཆེད་གྲོས་མོལ་ཡོང་ཐབས་བཟོ་རྒྱུ་དང་། ད་བར་སྙོབ་མ་ཐུབ་པའི་ཁྱབ་ཁོངས་ས་ཁུལ་ཁག་གི་ནང་སྙོབ་ཐབས་དགོས་པ། རྒྱ་ནག་གི་མི་མང་ཁྲོད་དུ་གྲོས་མོལ་ཡོང་ཆེད་དུ་གནད་དོན་གསལ་ཁ་བཟོ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་།
སྐུ་ཚབ་དོན་གཅོད་རྣམ་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞུ་གཏུག་ཐད་རྒྱལ་ཁབ་སོ་སོའི་གཞུང་གི་འགོ་ཁྲིད་ཆེ་ཁག་ཡོད་པ་ཡར་ཐོན་རྒྱལ་ཁབ་བདུན་(G7) ལ་སོགས་པའི་ཚོགས་ཆེན་ཁག་མ་འཚོགས་གོང་ལ་ཞུ་གཏུག་གནང་རྒྱུ་དང་། མཉམ་སྦྲེལ་རྒྱལ་ཚོགས་ལྟ་བུ་རྒྱལ་ཁབ་མང་པོ་ཡོད་པའི་རུ་ཁག་དེ་དག་ལ་འབྲེལ་བ་ཞུས་ཏེ་ཞུ་གཏུག་ལས་འགུལ་སྤེལ་རྒྱུ། དེ་བཞིན་བསམ་བློའི་བང་མཛོད་ཆེ་ཁག་དང་ཡུ་གུར་ལ་སོགས་དང་མཉམ་དུ་མཉམ་སྦྲེལ་ལས་འགུལ་སྤེལ་རྒྱུ་བཅས་ཀྱི་ཐབས་ལམ་ཡོད་པ་ངོ་སྤྲོད་གནང་ཡོད་འདུག
སྐུ་ཚབ་དོན་གཅོད་རྣམ་པའི་ཚོགས་འདུ་དེ་ཕྱི་ཚེས་༦ དང་༧ བཅས་ཉིན་གྲངས་གཉིས་ཀྱི་རིང་འཚོག་གི་ཡོད་པ་དང་། ཕྱི་ཚེས་༨ དང་༩ ཉིན་སྐུ་ཚབ་དོན་གཅོད་རྣམ་པར་རྒྱལ་སྤྱིའི་ལམ་སྲོལ་དང་མཐུན་པའི་སྣེ་ཤན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་རྒྱུ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་བཀོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།