ཕྱི་བཅོམ་ལྷགས་པ། ནང་བཅོམ་མུ་གེ།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༤༤ཆེད་བརྗོད།
རྒྱ་དམར་དྲག་པོའི་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་ལོ་ལྔ་ཚན་བཅུ་བཞི་པའི་ལག་བསྟར་འཆར་གཞིའི་ནང་། ནང་བསྟན་ཆོས་ལུགས་ལ་“ཁ་སྣོན་མི་བྱེད་པ་གསུམ་”ཟེར་བ་ལག་བསྟར་བྱེད་བཞིན་འདུག དང་པོ་དགོན་པའི་གྲངས་འབོར་ཁ་སྣོན་མི་བྱེད་པ། གཉིས་པ་གྲྭ་བཙུན་གྱི་གྲངས་འབོར་ཁ་སྣོན་མི་བྱེད་པ། གསུམ་པ་ཆོས་ལུགས་བྱེད་སྒོ་དང་དུས་ཆེན་ཁག་ཁ་སྣོན་མི་བྱེད་པ་བཅས་གསུམ་ཡིན་པ་དང་། དང་པོ་སྔར་མེད་པའི་ས་གནས་སུ་དགོན་པ་གསར་བཞེངས་བྱས་ནས་དགོན་པའི་གྲངས་འབོར་ཁ་སྣོན་མི་ཆོག་པ། གཉིས་པ་དགོན་སྡེ་ཁག་ཏུ་གྲྭ་བཙུན་གསར་ཞུགས་བྱེད་མཁན་རྣམས་ལ་ཚོད་འཛིན་ནན་པོ་བྱ་རྒྱུ་དང་། ད་ཡོད་དགོན་སྡེ་གྲྭ་བཙུན་གྲངས་འབོར་མང་པོ་ཡོད་པ་དག་ལ་གྲྭ་བཙུན་གྱི་གྲངས་འབོར་ཚད་བཀག་གིས་གྲྭ་བཙུན་མང་པོ་ཞིག་ཕྱིར་འཕུད་བྱེད་བཞིན་ཡོད་པ། གསུམ་པ་དགོན་སྡེ་ཁག་གི་ཆོས་ལུགས་ཀྱི་བྱེད་སྒོ་དང་དུས་ཆེན་ཁག་ལ་ཚོད་འཛིན་དང་དམ་དྲག་བྱས་ནས་མི་མང་ཁྲོད་དགོན་པའི་ཤུགས་རྐྱེན་ཆུང་དུ་གཏོང་ཐབས་བྱེད་བཞིན་འདུག
འདི་ལྟར་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ཤིག་ཡིན་པ་དང་། ད་ལྟའི་ཆར་བོད་ཕྲུག་ན་གཞོན་རྣམས་གཏན་འཇགས་སློབ་གྲྭའི་ནང་ཟུར་བཀག་གིས་ཕ་མ་རྣམས་དང་ཐུག་འཕྲད་མི་ཆོག་པ་བྱེད་བཞིན་ཡོད། དགོན་སྡེ་ཁག་ཏུ་གྲྭ་བཙུན་གྱི་གྲངས་འབོར་ཉུང་འཕྲི་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་བཀག་སྡོམ་བྱས་ཡོང་དུས་དགོན་སྡེ་དང་དགེ་འདུན་པའི་སྡེའི་ཤུགས་རྐྱེན་ཆུང་དུ་གཏོང་ཐབས་ཁོ་ན་ལ་དམིགས་པ་ཞིག་རེད། ད་བར་བོད་པའི་ཆོས་དང་རིག་གནས་རྒྱུད་འཛིན་བྱེད་མཁན་ནི་དགོན་སྡེ་ཁག་ཡིན་པ་དང་། བོད་ཀྱི་རིག་གནས་ནི་སེར་མོ་བའི་རིག་གནས་ཀྱི་རྨང་གཞི་བྱས་ཡོད་པའང་འདི་ལ་བརྟེན་ནས་བྱུང་ཡོད། དགོན་སྡེ་ཁག་ཡར་རྒྱས་གཏོང་མི་ཆོག་ན་བོད་ཀྱི་རིག་གནས་རྩ་མེད་འགྲོ་བའི་ཉེན་ཁ་ཡོད་པ་དང་། ལོ་རྒྱུས་ནང་བོད་ཀྱི་མི་སྐྱ་ཚོས་ཆོས་དང་རིག་གནས་ལ་བྱས་རྗེས་ཆེན་པོ་འཇོག་ཐུབ་མེད་པ་ནི། མི་སྐྱ་རྣམས་ལ་འཇོན་ཐང་དང་ནུས་པ་མེད་པ་ལས་སུ་གཅིག་གིས་བཀག་སྡོམ་དང་གོ་སྐབས་མ་སྤྲད་པ་མ་རེད།
འཛམ་གླིང་སྤྱིའི་འགྱུར་འགྲོས་ལ་བརྟེན་ནས་བོད་ཀྱི་མི་སྐྱ་མང་པོ་ཞིག་གིས་སློབ་སྦྱོང་བྱས་ནས་བོད་ཀྱི་ཆོས་དང་རིག་གནས་སྐོར་ཤེས་ཚད་ཆེ་ཙམ་ཡོད་མཁན་གང་མང་ཡོད་ཀྱང་། རྒྱ་གཞུང་གི་ད་ལྟའི་སྲིད་བྱུས་འདི་ལ་བརྟེན་ནས་མ་འོངས་པར་བོད་ཀྱི་མི་སྐྱའི་སྤྱི་ཚོགས་ནང་རྒྱ་ཡི་རིག་གནས་དང་ཡུལ་གོམས་གཤིས་ལུགས་ཙམ་ལས་མི་ཤེས་པ་བཟོ་རྒྱུ་དང་། དགོན་སྡེ་ཁག་ཏུ་“ཁ་སྣོན་མི་བྱེད་པ་གསུམ་”ཟེར་བ་ལག་བསྟར་བྱས་ནས། བོད་ཀྱི་ཆོས་དང་རིག་གནས་རྩ་མེད་དུ་གཏོང་རྒྱུའི་འཆར་གཞི་གཏིང་ཟབ་མོ་ཞིག་ཏུ་གྱུར་ཡོད། བོད་པའི་ངོས་ནས་གནད་དོན་འདི་ལ་དོན་དམ་པའི་གདོང་ལེན་དང་ཁ་གཏད་ཡག་པོ་ཞིག་གཅོག་མ་ཐུབ་ན་རྒྱ་གཞུང་གི་སྲིད་བྱུས་ཁག་ལག་ལེན་དོན་འཁྱོལ་ཡོང་རྒྱུ་གཏན་ཁེལ་བ་ཞིག་རེད། ནམ་རྒྱུན་ཆོས་དང་ཆོས་པ་ལ་ཁ་རྡུང་གཏོང་མཁན་མཁས་པའི་མིང་ཁུར་བ་དག་གིས་ཀྱང་། མི་སྐྱའི་སྤྱི་ཚོགས་སུ་བོད་ཀྱི་སྐད་ཡིག་རིག་གནས་བརླག་རྒྱུའི་ཉེན་ཁར་གྱུར་དུས་ནུས་པ་ཡོད་ན་ཁ་ཕར་འཁོར་ནས་ཁ་གཏད་གདོང་ལེན་བྱེད་དགོས་ངེས་རེད་སྙམ།
བཙན་བྱོལ་བོད་པའི་སྤྱི་ཚོགས་ནི་མི་འབོར་གྲངས་ཉུང་ཞིང་། གང་ཡོད་པ་དེ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་ཁ་འཐོར་དུ་གནས་ཡོད་པས། ཁོར་ཡུག་དང་གོ་སྐབས་ཐོག་ནས་བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་བྱ་རྒྱུའི་ནུས་སྟོབས་ཧ་ཅང་ཞན་པ་དང་། འཚོ་བའི་དགོས་མཁོ་ལ་གཞིགས་ནས་མི་རིགས་དང་སྐད་ཡིག་མི་གཅིག་པ་མང་པོ་ཞིག་དང་བསྟུན་དགོས་སྟབས། ཉིན་རེ་བཞིན་བོད་ཀྱི་སྐད་ཡིག་རིག་གནས་ཉམས་ཆག་ཆེན་པོ་འགྲོ་བཞིན་ཡོད། བོད་མི་གནས་སྡོད་བྱེད་ཡུལ་རྒྱ་ཆེ་ཤོས་རྒྱ་གར་ཡིན་ནའང་། རྒྱ་གར་དུ་ཡོད་པའི་བོད་པའི་སྤྱི་ཚོགས་ཀྱི་མི་སྐྱ་ཕོ་མོ་རྣམས་ལ་མཚོན་ན། བོད་ཀྱི་ཆོས་དང་རིག་གནས་ལ་དོ་སྣང་བྱེད་མཁན་ཞིག་ཧ་ལམ་མེད་པ་ལྟ་བུར་འགྱུར་བཞིན་ཡོད་པས། བོད་ཕྱི་ནང་གཉིས་སུ་བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་བཅས་རྒྱུན་གནས་ཀྱི་ཐོག་ལ་རེ་བ་ཧ་ཅང་ཆུང་དུ་འགྲོ་བཞིན་ཡོད་པ་བཅས་ལ་བརྟེན། མ་འོངས་པར་བོད་ཀྱི་ངོ་བོ་དེ་འཛམ་གླིང་འདིའི་སྟེང་ནས་རྩ་སྟོངས་སུ་འགྲོ་རྒྱུར་དུས་ཡུན་རིང་པོ་ལྷག་མེད།
མདོར་ན་ཕྱི་ནས་བཙན་གནོན་ལ་བརྟེན་ནས་དཀའ་ངལ་འཕྲད་བཞིན་པ་དང་། ནང་ནས་ཀྱང་བོད་ཀྱི་ཆོས་དང་རིག་གནས་རྗེས་ལུས་ཡིན་ཚུལ་བརྗོད་མཁན་གྱི་མི་སྐྱ་དང་གྲྭ་ལོག་སོགས་མང་པོ་ཞིག་ཡོང་བཞིན་ཡོད་པ་མ་ཟད། ལུས་ལ་ཆོས་པའི་གོས་གྱོན། ཁ་ལ་དཀོར་ནག་འབའ་ཞིག་ཟ་བཞིན། ནང་པ་སངས་རྒྱས་པའི་ཆོས་ཡང་དག་པ་མ་ཡིན་པ་དང་། སྟོན་པ་སངས་རྒྱས་ཀྱང་ཁྱིམ་ཐབས་མ་ཟིན་པའི་མདོ་མེད་ཀླད་སྟོང་ཞིག་ཡིན་ཚུལ་བརྗོད་མཁན་འདུག དེ་བས་ཀྱང་ཐབས་སྐྱོ་བ་ཞིག་ལ་བོད་ནང་དུ་གྲྭ་པ་བྱ་རྒྱུའི་རང་དབང་ལ་ཚད་བཀག་ཡོད་པ་དང་། བཙན་བྱོལ་ནང་བོད་ཀྱི་བུ་ཕྲུག་གྲྭ་པ་དང་བཙུན་མ་བྱེད་མཁན་ཉིན་མོའི་སྐར་མ་ལྟར་དཀོན་པས། བོད་ཀྱི་ཆོས་དང་རིག་གནས་ནི་ཕྱི་བཅོམ་ལྷགས་པ་དང་། ནང་བཅོམ་མུ་གེ་ཞེས་པ་ལྟར་གྱུར་ཡོད་པས་གོ་སྐབས་དང་ནུས་པ་ཡོད་མཁན་ཚང་མས། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཆེད་བསམ་བློ་གཏོང་མི་ཐུབ་ཀྱང་། བོད་མི་རིགས་ཀྱི་འཆི་གསོན་ནི་ཆོས་དང་རིག་གནས་སྐད་དང་ཡི་གེ་བཅས་ལ་ཐུག་ཡོད་པས་ཅིས་ཀྱང་འབད་དགོས་པ་དེ་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།།