ཕྱི་ཚེས་༩ ཉིན་མོ་དྷིའི་སྲིད་བློན་དུས་ཡུན་གསུམ་པའི་དམ་འབུལ་མཛད་སྒོ་ཡིན་འདུག

རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཚར་ནས་སྲིད་བློན་མོ་དྷིའི་སྲིད་བློན་གྱི་དུས་ཡུན་གསུམ་པའི་དམ་འབུལ་ཞུ་རྒྱུ་ཡིན་འདུག 

ཕྱི་ཚེས་༧ ཉིན་(wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་འོས་བསྡུ་ཚར་ནས་སྲིད་དོན་ཚོགས་པ་གང་རུང་ཞིག་གིས་མ་འོངས་ལོ་ལྔའི་ནང་གཞུང་སྲིད་སྐྱོང་རྒྱུ་གཏན་ཁེལ་ཟིན་པ་དང་། ཐེངས་འདིའི་འོས་བསྡུའི་ནང་སྦི་ཇེ་པི་སྲིད་དོན་ཚོགས་པ་དང་དེའི་མཉམ་འབྲེལ་སྲིད་དོན་ཚོགས་པ་རྒྱལ་ཡོངས་དམངས་གཙོ་མཉམ་འབྲེལ་ཚོགས་པ་ལ་འོས་ཤོག་གྲངས་ཀ་མང་ཤོས་རག་ཡོད་པར་བརྟེན། ད་ཆར་གཞུང་སྲིད་སྐྱོང་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད། ཕྱི་ཚེས་༥ ཉིན་སྦི་ཇེ་པི་དང་མཉམ་འབྲེལ་སྲིད་དོན་ཚོགས་པ་དག་གིས་ཐག་བཅོད་བྱུང་བ་ཞིག་ལ་སྲིད་བློན་མོ་དྷི་བསྐྱར་དུ་སྲིད་བློན་ལ་བསྐོ་རྒྱུ་དང་། རྒྱལ་ཡོངས་མཉམ་འབྲེལ་སྲིད་དོན་ཚོགས་པ་དང་ལྷན་དུ་མཉམ་འབྲེལ་ཐོག་ནས་གཞུང་སྲིད་སྐྱོང་རྒྱུའི་ཐག་གཅོད་བྱུང་ཡོད་འདུག འོས་བསྡུའི་རྒྱལ་ཁ་ཐོབ་རྗེས་སྲིད་བློན་མོ་དྷི་ཡིས་འོས་བསྡུ་འདིའི་བརྒྱུད་ནས་ང་ཚོ་ལ་ཕམ་ཁ་བྱུང་ཡོད་མ་རེད། འོན་ཀྱང་། ང་ཚོས་རང་གི་རྒྱལ་ཁབ་དེ་ཇི་ལྟར་དབང་སྒྱུར་བྱེད་དགོས་མིན་ཤེས་ཀྱི་ཡོད་པས། ང་ཚོས་ནམ་ཡང་ང་རྒྱལ་བྱེད་ཀྱི་མ་རེད་ལ། གཞན་སུ་ལ་ཕམ་ཁ་བྱུང་ཡོད་ནའང་ཁོང་ཚོ་ལའང་ནམ་ཡང་དམའ་འབེབས་བྱེད་ཀྱི་མ་རེད། རྒྱུ་མཚན་ནི་དེ་དག་ང་ཚོའི་གཞི་རྩའི་ལྟ་གྲུབ་ཡིན་ཞེས་བརྗོད་ཡོད་འདུག སྦི་ཇེ་པིའི་རྒྱལ་ཡོངས་དམངས་གཙོ་མཉམ་འབྲེལ་ཚོགས་པའི་གཞུང་སྲིད་སྐྱོང་རྒྱུའི་མཛད་སྒོ་དེ་ཕྱི་ཚེས་༩ གཟའ་ཉི་མའི་དགོང་མོའི་ཆུ་ཚོད་༦ ཐོག་ལྡི་ལི་ལ་ཡོད་པའི་(at Rashtrapati Bhawan)་ལ་ཡིན་འདུག སྦི་ཇེ་པི་དང་མཉམ་འབྲེལ་ཡིན་པའི་སྲིད་དོན་ཚོགས་པས་སྲིད་བློན་མོ་དྷི་རྒྱལ་ཡོངས་དམངས་གཙོ་མཉམ་འབྲེལ་ཚོགས་པའི་འགོ་ཁྲིད་དང་། སྲིད་བློན་བསྐྱར་དུ་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་འདུག་པས། སྲིད་བློན་མོ་དྷི་ཡིས་རྒྱལ་ཡོངས་དམངས་གཙོ་མཉམ་འབྲེལ་སྲིད་དོན་ཚོགས་པས་ཁོང་བསྐྱར་དུ་སྲིད་བློན་དུས་ཡུན་གསུམ་པ་བྱེད་རྒྱུའི་གོ་སྐབས་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་འདུག་པ་དང་། རྒྱལ་ཡོངས་དམངས་གཙོ་མཉམ་འབྲེལ་སྲིད་དོན་ཚོགས་པའི་ངོས་ནས་རྒྱ་གར་རྒྱལ་ཁབ་དང་པོ་དང་། སྲིད་དོན་ཚོགས་པ་གཉིས་པ་བྱས་ནས་མ་འོངས་ལོ་ལྔའི་ནང་རྒྱ་གར་གྱི་དཔལ་འབྱོར་དང་དམག་དོན། ཁོར་ཡུག་སོགས་ཀྱི་ཐད་ལ་སྔར་ལས་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག སྦི་ཧར་སྤྱི་ཁབ་བློན་ཆེན་(Nitsih Kumar)ཡིས་ད་ལོའི་འོས་བསྡུའི་ཁྲོད་ཕྱོགས་འགལ་སྲིད་དོན་པ་ལ་འོས་འགའ་ཤས་ཐོབ་ཡོད་ཀྱང་། མ་འོངས་ལོ་ལྔའི་རྗེས་ཀྱི་འོས་བསྡུའི་ཁྲོད་ཤོར་རྒྱུ་ཡིན་པ་རེད། རྒྱུ་མཚན་ནི་ཁོང་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་ནམ་ཡང་ལས་ཀ་བྱེད་ཀྱི་མ་རེད། སྲིད་བློན་མོ་དྷི་ཡིས་འགོ་ཁྲིད་ནས་རྒྱལ་ཁབ་སྔར་ལས་ཡར་རྒྱས་ཡོད་ཡོད་པ་རེད་ཅེས་བརྗོད་ཡོད་འདུག དེ་བཞིན་མ་འོངས་པར་མོ་དྷི་ཡིས་འགོ་ཁྲིད་པའི་སྲིད་གཞུང་འོག་སྦི་ཧར་མངའ་སྡེའི་ནང་ད་བར་འགག་བསྡད་པའི་ལས་ཀ་དག་ལེགས་གྲུབ་ཡོང་རྒྱུ་ཡིན་པས། ངས་ནམ་ཡང་སྲིད་བློན་མོ་དྷི་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།